༥
རང་དབང་དུ་གནས་པའི་ཕྱིར་མཱ་ཤི་ཀས་ངེད་ཐར་བར་མཛད་པས། ཡང་སྐྱར་གཞན་དབང་གི་ཚེ་གཡོག་ཏུ་མི་འགྲོ་བར་བརྟན་པོར་གནས་ཤིག༢ ཡ་ཧུ་དཱ་པའི་རྟགས་ལེན་ན། མཱ་ཤི་ཀ་ཁྱེད་ཚོར་ཅིའང་མི་ཕན་ནོ་ཞེས་ང་པའུ་ལུས་སྨྲའོ། ༣ རྟགས་ལེན་པ་ཐམས་ཅད་ལ། བཀའ་ཁྲིམས་ཧྲིལ་པོ་སྲུང་བའི་རིགས་སོ་ཞེས་ངས་སླར་ཡང་ལན་བརྡ་གཏོང་ངོ་། ༤ བཀའ་ཁྲིམས་ཀྱི་ཐབས་ཀྱིས་རྣམ་དག་འགྱུར་བར་འདོད་པ་ཁྱེད་ཚོ་མཱ་ཤི་ཀ་དང་བྲལ་ནས་ཐུགས་རྗེ་ལས་འདས་པ་ཡིན། ༥ ང་ཚོ་ནི་ཐུགས་ཉིད་ཀྱི་ངང་ལས་དད་པའི་ཐབས་ཀྱིས་ཐར་པའི་རེ་བས་སྒུག་གོ། ༦ མཱ་ཤི་ཀ་པ་ལ་བྱམས་པས་རྩོམ་པའི་དད་པ་འབའ་ཞིག་ལས། རྟགས་དང་ལྡན་མི་ལྡན་གང་གིས་ཀྱང་མི་ཕན་ནོ༎
༧ ཁྱེད་ཚོས་བདེན་པའི་བཀར་ཉན་པས་བང་རྒྱུགས་ལེགས་པར་བྱེད་ཅིང་ཡོད་པ་ལས་སུས་བཀག ༨ འདི་ནི་ཁྱེད་ཚོ་བོས་པ་ཁོང་གི་སྐུལ་མ་མིན། ༩ སྐྱུར་རྩི་ཅུང་ཟད་ཅིག་གིས་བག་ཟན་ཧྲིལ་པོར་སྐྱུར་ལང་ངོ་༎
༡༠ ཁྱེད་ཚོས་ངའི་ལྟ་བ་ལས་གཞན་མི་ལེན་པའི་ང་ལ་གཙོ་བོས་བློ་གདེང་གནང་ངོ་། ཁྱེད་ཚོ་བཀྲུག་པ་སུ་ཡིན་རུང་དེ་ལ་ཆད་པ་ཕོག་འོས་སོ། ༡༡ སྤུན་རྣམས། ང་ཡང་ངས་ཡ་ཧུ་དཱ་པའི་རྟགས་ཀྱི་སྐོར་བཤད་པ་ཡིན་ན། བསླུ་རྡོ་ཡིན་པའི་རྒྱང་ཤིང་མེད་པར་བྱས་པས། ཅིའི་ཕྱིར་ད་བར་དུ་ངས་འཚེ་བ་མྱོང་། ༡༢ ཁྱེད་ཚོ་བཀྲུག་པ་རྣམས་ཀྱི་རང་གི་ཡན་ལག་གཅོད་ན་ཅི་མ་རུང་།
༡༣ སྤུན་རྣམས། ཁྱེད་རྣམས་རང་དབང་ལ་བོས་པས། བདག་འཛིན་ལ་སྐབས་མ་བཏང་བར། བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་གཡོག་བྱོས་ཤིག ༡༤ རང་དང་འདྲ་བར་ཁྱིམ་མཚེས་ལ་བྱམས་པར་བྱོས་ཤིག་ཅེས་པའི་བཀའ་གཅིག་སྒྲུབ་པའི་སྒོ་ནས་བཀའ་ཁྲིམས་ཧྲིལ་པོ་སྒྲུབ་བོ། ༡༥ ཕན་ཚུན་རྨུག་ཅིང་ཟ་བ་རྣམས། གཅིག་གིས་གཅིག་ལ་མེད་པར་མི་བྱ་བའི་ཕྱིར་ཟོན་བྱོས་ཤིག
༡༦ ཐུགས་ཉིད་དང་བསྟུན་ཏེ་འགྲུལ་ཞིང་། བདག་འཛིན་གྱི་འདོད་པ་མ་སྒྲུབ་ཅིག་ཅེས་ངས་ཟེར། ༡༧ བདག་འཛིན་གྱི་འདོད་པས་ཐུགས་ཉིད་ལ་རྒོལ་ཞིང་། ཐུགས་ཉིད་ཀྱིས་བདག་འཛིན་ལ་རྒོལ་ལོ། དེ་གཉིས་མི་མཐུན་པས། དགོས་པ་དེ་ཁྱེད་ཚོས་བྱེད་མི་ཐུབ་བོ། ༡༨ ཐུགས་ཉིད་ཀྱིས་ཁྱེད་འཁྲིད་པར་མཛད་ན། བཀའ་ཁྲིམས་ཀྱི་འོག་ན་མེད་དོ། ༡༩ བདག་འཛིན་གྱི་ལས་རྣམས་གསལ་ཞིང་། འདོད་ལོག་དང་། མི་ཚངས་པ་དང་། བག་མེད་སྤྱོད་པ་དང་། ༢༠ སྐུ་འདྲ་ལ་རྟེན་པ་དང་། ངན་སྔགས་དང་། འཁོན་སེམས་དང་། རྩོད་པ་དང་། ཕྲག་དོག་དང་། ཁྲོ་བ་དང་། རང་འདོད་དང་། དབྱེན་བྱེད་པ་དང་། ལྟ་བའི་འཁོན་དང་། ༢༡ འགྲན་སེམས་དང་། ར་བཟི་བ་དང་། བག་མེད་པར་ཟ་བ་ལ་སོགས་པའོ། དེ་ལྟར་སྤྱོད་པ་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནོར་སྐལ་མི་ཐོབ་ཅེས་ངས་སྔོན་ལའང་སྨྲས་པ་ཡིན་དའང་སྨྲའོ༎
༢༢ ཐུགས་ཉིད་ཀྱི་འབྲས་བུ་ནི། བྱམས་པ་དང་། དགའ་སྤྲོ་དང་། ཞི་བདེ་དང་། ཐེག་པ་དང་། སྙིང་རྗེ་དང་། བཟང་པོ་དང་། ཕྱི་ཐག་རིང་བ་དང་། ༢༣ དུལ་པོ་དང་། བཙུན་པ་ཡིན་ཏེ། འདི་དང་མི་མཐུན་པའི་བཀའ་ཁྲིམས་མེད། ༢༤ མཱ་ཤི་ཀའི་ཡིན་པ་རྣམས་ཀྱི་བདག་འཛིན་ནི་དེའི་ཞེན་པ་དང་འདོད་པ་བཅས་རྒྱང་ཤིང་ལ་བསད་པ་ཡིན་ནོ། ༢༥ ང་ཚོ་ཐུགས་ཉིད་ཀྱི་སྟབས་ཀྱིས་གསོན་ན། ཐུགས་ཉིད་དང་བསྟུན་ཏེ་སྤྱོད་ཀྱང་དགོས། ༢༦ ངོམ་སེམས་དང་། ཕན་ཚུན་བཀྲུག་སེམས་དང་། འགྲན་སེམས་མ་བྱེད་ཅིག།