༢༧
ནམ་ལངས་ནས། བླ་ཆེན་དང་རྒན་མི་ཐམས་ཅད་ཀྱིས་ཡེ་ཤུ་གསོད་པའི་ཕྱིར་གྲོས་བྱས་ཏེ།  ཁོང་བཀྱིགས་ནས་ཁྱེར་ཏེ་སྤྱི་ཁྱབ་པི་ལ་ཏུ་ལ་བཏད་དོ༎
 ཁོང་བཏད་པའི་ཡུ་དཱས་ཁོང་ལ་ཁྲིམས་ཕོག་པ་མཐོང་སྟེ། འགྱོད་ནས་དངུལ་ཊཾ་སུམ་ཅུ་དེ་བླ་ཆེན་དང་རྒན་མིའི་རྩར་ལོག་ཁྱེར་ནས་དེ་རྣམས་ལ།  ངས་སྐྱེས་བུ་ནོངས་མེད་ཅིག་བཏད་དེ་སྡིག་པ་བྱས་སྨྲས་པས། དེ་རྣམས་ཀྱིས་ང་ཚོར་ཅི་སྟོ་ཁྱོད་རང་ཤེས་སྨྲས་པ་དང་།  ཁོས་དངུལ་དེ་མཆོད་ཁང་ནང་དབྱུགས་ནས་དབེན་པར་སོང་སྟེ། སྐེ་བསྡམས་ནས་ཤིའོ།  བླ་ཆེན་རྣམས་ཀྱིས་དངུལ་ཊཾ་དེ་བླངས་ཏེ། འདི་ནི་ཁྲག་རིན་ཡིན་པས། དཀོར་མཛོད་དུ་འཇོག་མི་ཆོག་ཟེར་ཏེ།  གྲོས་བྱས་ནས་དངུལ་ཊཾ་དེ་ལས་ཕྱོགས་མི་རྣམས་ཀྱི་དུར་སའི་ཕྱིར། རྫ་མཁན་གྱི་ཞིང་ཉོས་སོ།  དེའི་ཕྱིར་ཞིང་དེ་ལ་ད་ལྟའི་བར་དུ་ཁྲག་རིན་གྱི་ཞིང་ཟེར་རོ། ༩-༡༠ ལུང་སྟོན་པ་ཡེ་རེམ་ཡཱས། གཙོ་བོས་ང་ལ་བཀའ་སྩལ་པ་བཞིན། ཨིས་ར་ཨེལ་གྱི་བུ་རྒྱུད་ཀྱིས་བཅད་པའི་ཁོང་གི་རིན་དངུལ་ཊཾ་སུམ་ཅུ་བླངས་ནས། རྫ་མཁན་གྱི་ཞིང་ཉོས་སོ། ཞེས་གསུངས་པ་དེའི་ཚེ་གྲུབ་བོ༎
༡༡ ཡེ་ཤུ་སྤྱི་ཁྱབ་ཀྱི་མདུན་དུ་བཞེངས་ཡོད་པ་ལས། དེས་ཁྱེད་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ། ཞེས་དྲིས་པ་དང་། ཡེ་ཤུས་ཁྱོད་ཀྱིས་སྨྲས་པ་བཞིན་ནོ་གསུངས། ༡༢ བླ་ཆེན་དང་རྒན་མིས་ཁོང་ལ་ཉེས་སྐྱོན་བཀལ་ཡང་། བཀའ་ལན་ཅང་མ་གནང་བས། ༡༣ པི་ལ་ཏུས་ཁྱེད་ལ་གནོད་པའི་གཏམ་མང་པོ་འདི་ཚོས་བཤད་པ་མི་ཐོས་སམ་ཞུས་ཀྱང་། ༡༤ ཁོང་གིས་ཚིག་གཅིག་ལའང་ལན་མ་གནང་བས། སྤྱི་ཁྱབ་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ༎
༡༥ སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ལ། སྤྱི་ཁྱབ་ཀྱི་སྲོལ་བཞིན། མི་ཚོགས་དགའ་བའི་བཙོན་པ་གཅིག་ཐར་བར་བྱེད་དོ། ༡༦ དེའི་ཚེ་བ་རབ་བཱ་བྱ་བའི་བཙོན་པ་མིང་ཅན་ཞིག་ཡོད་དོ། ༡༧-༡༨ མི་ཚོགས་ཀྱིས་ཡེ་ཤུ་ཕྲག་དོག་གིས་བཏད་པ་པི་ལ་ཏུས་ཤེས་པས་དེ་རྣམས་ལ། ངས་ཁྱེད་ཀྱི་ཕྱིར་སུ་ཐར་དུ་འཇུག བ་རབ་བཱ་དང་མཱ་ཤི་ཀ་བྱ་བའི་ཡེ་ཤུ་ལས་གང་ལ་འགའ། ཞེས་སྨྲས། ༡༩ ཁོ་ཁྲིམས་དཔོན་གྱི་ཁྲི་ལ་བསྡད་ཡོད་དུས་སུ། ཆུང་མས་ཁོ་ལ། སྐྱེས་བུ་དྲང་པོ་འདིའི་རྐྱེན་གྱིས་འདི་རིང་ངས་རྨི་ལམ་ནང་སྡུག་བསྔལ་ཆེན་པོ་མྱངས་པས། འདི་ལ་ཐེ་གཏོགས་གང་ཡང་མ་བྱེད་ཅེས་ལོན་བཏང་ངོ་། ༢༠ བླ་ཆེན་དང་རྒན་མིས་མི་ཚོགས་ལ། བ་རབ་བཱ་འབུད་པ་དང་ཡེ་ཤུ་གསོད་པའི་ཕྱིར་ཞུ་བར་ཨུ་ཚུགས་བྱས་སོ། ༢༡ སྤྱི་ཁྱབ་ཀྱིས་ཁྱེད་ཀྱི་ཕྱིར་འདི་གཉིས་ལས་སུ་ཐར་དུ་འཇུག གང་ལ་དགའ། དྲིས་པའི་ལན་དུ། བ་རབ་བཱ། ཞུས། ༢༢ མཱ་ཤི་ཀ་བྱ་བའི་ཡེ་ཤུ་ལ་ངས་ཅི་བྱ། དྲིས་པས་དེ་ཐམས་ཅད་ཀྱིས། རྐྱང་ཤིང་ལ་བརྐྱང་འོས་སོ་སྨྲས། ༢༣ སྤྱི་ཁྱབ་ཀྱིས། ཁོས་ངན་པ་ཅི་བྱས། སྨྲས་ཀྱང་། དེ་དག་གིས་ལྷག་པར་སྐད་ཆེན་པོས། རྐྱང་ཤིང་ལ་བརྐྱང་འོས་སྨྲས་སོ། ༢༤ པི་ལ་ཏུས་ཅིའང་མི་ཕན་པ་མ་ཟད། ནང་འཁྲུག་འཕེལ་བར་མཐོང་ནས། ཆུ་བླངས་ནས་མི་ཚོགས་ཀྱི་མདུན་དུ་ལག་པ་འཁྲུད་ཅིང་། ང་ལ་སྐྱེས་བུ་དྲང་པོ་འདིའི་སྲོག་སྡིག་མེད། ཁྱེད་རང་གིས་ཤེས་ཟེར་བ་དང་། ༢༥ ཐམས་ཅད་ཀྱིས། ཁོའི་སྲོག་སྡིག་ང་ཚོ་རང་དང་ང་ཚོའི་བུ་རྒྱུད་ལ་བབས་ཤིག་སྨྲས་སོ། ༢༦ དེ་ནས་བ་རབ་བཱ་བཏང་སྟེ། ཡེ་ཤུ་ལ་རྟ་ལྕག་བརྒྱབ་ནས། རྐྱང་ཤིང་ལ་རྐྱོང་ཕྱིར་བཏད་དོ༎
༢༧ སྤྱི་ཁྱབ་ཀྱི་དམག་མིས་ཡེ་ཤུ་ཕོ་བྲང་ནང་གདན་ཞུས་ཏེ། དམག་ཚོ་ཁོང་གི་སྐུ་དྲུང་དུ་སྤུངས། ༢༨ ན་བཟའ་ཕུད་དེ། ན་བཟའ་དམར་པོ་ཞིག་བསྐོན། ༢༩ ཚེར་མའི་ཅོད་པན་ལྷས་ཏེ་དབུ་ལ་གསོལ། ཕྱག་གཡས་པའི་ནང་སྨྱུག་བེར་བཞག ཁོང་གི་མདུན་དུ་པུས་མོ་བཙུགས་ཏེ། ཡ་ཧུ་དཱ་པའི་རྒྱལ་པོ་ལ་ཕྱག་འཚལ། ཟེར་ཞིང་འཕྱས། ༣༠ མཆིལ་མ་བརྒྱབ། སྨྱུག་བེར་དེ་ལེན་ནས་དབུ་ལ་བརྒྱབ་བོ། ༣༡ འཕྱས་ཟིན་ནས་ན་བཟའ་དེ་ཕུད། ཁོང་རང་གི་ན་བཟའ་དེ་གསོལ་ཞིང་། རྐྱང་ཤིང་ལ་རྐྱོང་བའི་ཕྱིར་འཁྲིད་དོ༎
༣༢ ཕྱི་རོལ་དུ་ཐོན་པ་དང་། ཤི་མོན་ཟེར་བའི་ཀི་རེ་ནེ་པ་དང་འཕྲད་ནས། ཁོང་གི་རྐྱང་ཤིང་འཁུར་ཕྱིར་དབང་བྱས་སོ། ༣༣ དེ་ནས་གོལ་གོ་ཐཱའམ་ཐོད་པའི་ས་ཆ་བྱ་བར་བསླེབས། ༣༤ མཁྲིས་པ་བསྲེས་པའི་རྒུན་ཆང་བཞེས་སུ་ཕུལ་བས། མྱངས་ནས་བཞེས་པར་མ་དགྱེས་སོ། ༣༥ ཁོང་རྐྱང་ཤིང་ལ་བརྐྱངས་ནས། ན་བཟའ་ལ་རྒྱན་བརྒྱབས་ནས་བགོས། ༣༦ དེ་ནས་དེར་བསྡད་དེ་ཁོང་བསྲུངས་སོ། ༣༧ ཁོང་ལ་བཀལ་བའི་སྐྱོན། འདི་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཤུ་ཡིན། ཞེས་པ་བྲིས་ཏེ་དབུའི་ཐོག་ཏུ་སྦྱར་ཏོ། ༣༨ ཁོང་གི་གཡས་གཡོན་དུ་ཇག་པ་གཉིས་ཀྱང་རྐྱང་ཤིང་ལ་བརྐྱངས་སོ། ༣༩ དེར་འགྲུལ་བ་རྣམས་ཀྱིས་མགོ་གཡུག་ཅིང་སྨད་དེ། ༤༠ མཆོད་ཁང་ཤིག་སྟེ་ཞག་གསུམ་ལ་རྩིག་མཁན་ཁྱོད། རང་སྐྱོབས་ཤིག དཀོན་མཆོག་གི་སྲས་ཡིན་ན། རྐྱང་ཤིང་ལས་བོབས་ཤིག་སྨྲས་སོ། ༤༡ དེ་བཞིན་དུ་བླ་ཆེན་དང་མཁན་པོ་དང་རྒན་མིས་ཀྱང་སྨད་ཅིང་། ༤༢ ཁོས་གཞན་རྣམས་བསྐྱབས་ཀྱང་། རང་སྐྱོབ་མི་ཐུབ་བོ། ཨིས་ར་ཨེལ་གྱི་རྒྱལ་པོ་ཡིན་ན། ད་རྐྱང་ཤིང་ལས་འབབ་ན་ང་ཚོ་ཡིད་ཆེས་འོང་། ༤༣ ཁོས་ང་དཀོན་མཆོག་གི་སྲས་ཡིན་སྨྲ་ཞིང་། དཀོན་མཆོག་ལ་བློ་བཏད་པས། ཁོང་ཐུགས་མཉེས་ན། ད་ལྟ་སྒྲོལ་འོང་སྨྲས་སོ། ༤༤ ཁོང་དང་མཉམ་བརྐྱངས་པའི་ཇག་པ་གཉིས་པོས་ཀྱང་། དེ་བཞིན་དུ་སྨད་དོ༎
༤༥ ཉིན་ཕྱེད་ནས་ཆུ་ཚོད་གསུམ་པའི་བར་དུ་ཡུལ་ཐམས་ཅད་མུན་པས་འཐིབས། ༤༦ ཆུ་ཚོད་གསུམ་པ་ཙམ་ལ་ཡེ་ཤུས་གསུང་སྐད་ཆེན་པོས། ཨེ་ལི་ཨེ་ལི་ལ་མ་ཤ་བ་ཁ་ཐ་ནི། བོད་སྐད་དུ་ངའི་དཀོན་མཆོག ངའི་དཀོན་མཆོག ཁྱེད་ཀྱིས་ང་ཅི་ལ་སྤངས་པ་ཡིན། གསུངས་སོ། ༤༧ དེར་ཡོད་པ་རེས་དེ་ཐོས་ནས། ཨེ་ལི་ཡཱ་ལ་འབོད་དོ་སྨྲས་སོ། ༤༨ གཅིག་ལ་འུར་བརྒྱུགས་ཏེ། ཆུ་བལ་ཆང་སྐྱུར་གྱི་ནང་དུ་སྦངས་ནས་སྨྱུག་བེར་གྱི་རྩེ་ལ་སྐྱོན་ཏེ། བཞེས་པའི་ཕྱིར་བསྲིངས། ༤༩ གཞན་རེས་སྒུགས་ཤིག ཨེ་ལི་ཡཱ་ཁོ་སྐྱོབ་ཏུ་ཕེབས་སམ་བལྟའོ་སྨྲས་སོ། ༥༠ ཡེ་ཤུས་སླར་གསུང་སྐད་ཆེན་པོ་བཏོན་ནས་སྐུ་སྲོག་གནང་ངོ་། ༥༡ དེའི་ཚེ་མཆོད་ཁང་གི་ཡོལ་བ་འགོ་ནས་མཇུག་ཏུ་ཁག་གཉིས་ལ་རལ། ས་གཡོས། བྲག་གས། ༥༢ དུར་ཁུང་བྱེས། དམ་པ་གྲོངས་པ་མང་པོ་ལངས་ནས། ༥༣ ཡེ་ཤུ་སྐུ་གསོན་པོར་བཞེངས་པའི་རྗེས་སུ་དེ་དག་དུར་ཁུང་ནས་ཐོན་ཏེ། རྒྱལ་ས་དམ་པ་རུ་ཕྱིན་ནས་མི་མང་པོར་སྣང་ངོ་། ༥༤ ཡེ་ཤུ་སྲུང་མཁན་དང་བརྒྱ་དཔོན་གྱིས། ས་གཡོ་བ་དང་ཅི་བྱུང་བ་ཐམས་ཅད་མཐོང་ནས་ཤིན་ཏུ་འཇིགས་ཏེ། འདི་ནི་དཀོན་མཆོག་གི་སྲས་ཡིན་པ་བདེན་ནོ་ཞེས་སྨྲས་སོ། ༥༥ ཡེ་ཤུ་ལ་ཞབས་ཕྱི་ཞུ་ཞིང་ག་ལིལ་ནས་འབྲངས་པའི་བུད་མེད་མང་པོ་དེར་ཡོད་དེ། ཐག་རིང་ནས་བལྟས་སོ། ༥༦ དེ་ཁྲོད་ན་མག་དལ་མ་མིར་ཡམ་དང་། ཡ་ཀོབ་དང་ཡོ་སེབ་ཀྱི་མ་མིར་ཡམ་དང་། ཟེ་བད་ཡཱའི་བུའི་མ་ཡོད་དོ༎
༥༧ སྲོད་རུབ་པའི་ཚེ་ཡེ་ཤུའི་སློབ་མའང་ཡིན་པའི་ཨ་རི་མ་ཐི་ཡཱ་པ་ཕྱུག་པོ་ཡོ་སེབ་ཀྱིས། ༥༨ པི་ལ་ཏུ་ལ་ཡེ་ཤུའི་སྤུར་གྱི་ཕྱིར་ཞུས། པི་ལ་ཏུས་སྤུར་གཏོང་བར་བསྒོའོ། ༥༩ ཡོ་སེབ་ཀྱིས་སྤུར་གདན་ཞུས་ཏེ། རས་གཙང་མས་བཏུམ། ༦༠ བྲག་ནང་བརྐོས་པའི་རང་གི་དུར་ཁུང་གསར་པའི་ནང་དུ་བཞག་ནས། སྤུར་ཁང་གི་སྒོ་ལ་ཕ་བོང་ཞིག་བསྒྲིལ་ནས་སོང་ངོ་། ༦༡ མག་དལ་མ་མིར་ཡམ་དང་། མིར་ཡམ་གཞན་དེ་སྤུར་ཁང་གི་ཐད་ཀར་བསྡད་ཡོད་དོ༎
༦༢ དེའི་སང་ཤབ་བཱད་ཀྱི་ཞག་ལ། བླ་ཆེན་དང་ཕ་རུ་ཤི་པ་པི་ལ་ཏུའི་རྩར་འདུས་ཏེ། ༦༣ ཇོ་བོ། གསོན་པོར་ཡོད་དུས་སུ་སླུ་མཁན་དེས། ཞག་གསུམ་སོང་ནས་ང་གསོན་པོར་ལང་འོང་སྨྲས་པ་ང་ཚོས་དྲན་པས། ༦༤ ཁོའི་ཉེ་གནས་ཀྱིས་ཁོ་བརྐུས་ཏེ་མི་རྣམས་ལ། ཁོང་གཤིན་པོའི་ཁྲོད་ལས་བཞེངས། ཟེར་ཞིང་མགོ་བསྐོར་སྔ་མ་བས་རྟིང་མ་ཉེན་མི་ཆེ་བའི་ཕྱིར། ཞག་གསུམ་ཐུག་དུར་ཁུང་དམ་དུ་སྲུང་བའི་བཀའ་སྩོལ་ཞིག་ཞུས། ༦༥ པི་ལ་ཏུས་སྲུང་མཁན་ནི་ཁྱེད་ཚོ་ལ་ཡོད། སོང་ལ་ཤེས་པ་བཞིན་སྲུང་ཞིག་ཞེས་བསྒོ་བས། ༦༦ དེ་དག་གིས་སྲུང་མཁན་འཁྲིད་དེ་སྤུར་ཁང་གི་ཁ་རྡོ་ལ་ཐེ་ཙེ་བརྒྱབ་ནས་བརྟན་པོར་བྱས་སོ༎