༢༨
ཤབ་བཱད་ཀྱི་སང་བདུན་ཕྲག་གི་ཞག་དང་པོའི་ཐོ་རངས་ལ། མག་དལ་མ་མིར་ཡམ་དང་། མིར་ཡམ་གཞན་དེ་སྤུར་ཁང་ལ་ལྟ་རུ་འོངས། ༢ གཙོ་བོའི་ཕོ་ཉ་ནམ་མཁའ་ནས་བབས་ཏེ། སྤུར་ཁང་གི་ཁ་རྡོ་བསྒྲིལ་ནས་དེའི་ཁར་བཞུགས་པས། ས་གཡོ་བ་ཆེན་པོ་བྱུང་། ༣ ཁོང་ནི་གློག་འདྲར་སྣང་སྟེ། ན་བཟའ་ནི་ཁ་བ་ལྟར་དཀར་རོ། ༤ སྲུང་མཁན་རྣམས་དེ་ལ་འཇིགས་ཤིང་འདར་བས་ཤི་བ་ལྟར་གྱུར་ཏོ། ༥ ཕོ་ཉས་བུད་མེད་དག་ལ། མ་འཇིགས་ཤིག ཁྱེད་ཀྱིས་རྐྱང་ཤིང་ལ་བརྐྱངས་པའི་ཡེ་ཤུ་འཚོལ་བ་ངས་ཤེས། ༦ ཁོང་གིས་གསུངས་པ་བཞིན་ཁོང་གསོན་པོར་བཞེངས་པས་འདིར་མེད། ཁོང་བཞག་སར་ལྟ་རུ་ཤོག ༧ ཡང་མྱུར་དུ་སོང་ལ། ཁོང་གཤིན་པོའི་ཁྲོད་ལས་གསོན་པོར་བཞེངས་ནས། ཁྱེད་ལས་སྔོན་དུ་ག་ལིལ་དུ་ཕེབས་སོ། དེར་མཇལ་འོང་ཞེས་ཉེ་གནས་རྣམས་ལ་ཤོད་ཅིག ངས་ཁྱེད་ཚོ་ལ་བཤད་པ་ཡིན་ཞེས་སྨྲས་སོ། ༨ དེ་དག་དགའ་མ་འདར་རེའི་ངང་ནས་སྤུར་ཁང་ནས་ལ་འུར་ཉེ་གནས་རྣམས་ལ་ལོན་སྐྱེལ་དུ་ཕྱིན་ཏོ། ༩ གློ་བུར་དུ་ཡེ་ཤུས་དེ་དག་རྩར་ཕེབས་ནས། བདེ་ལེགས་ཤིག་གསུངས། དེ་གཉིས་དྲུང་དུ་འོངས་ནས་ཞབས་ལ་འཐམས་ཏེ། ཕྱག་བཙལ་ཏོ། ༡༠ ཡེ་ཤུས་མ་འཇིགས་ཤིག སོང་ལ་ངའི་སྤུན་རྣམས་ལ། ག་ལིལ་དུ་སོང་ཞིག དེར་ང་མཇལ་ཡོང་ཞེས་ལོན་སྐྱེལ་ཞིག་གསུངས་སོ༎༡༡ དེ་དག་འགྲོ་བའི་ཚེ། སྲུང་མཁན་རེ་རྒྱལ་སར་འོངས་ནས། གནས་ཚུལ་ཐམས་ཅད་བླ་ཆེན་དག་ལ་བཤད། ༡༢ བླ་ཆེན་རྣམས་ཀྱིས་རྒན་མི་དང་མཉམ་དུ་གྲོས་བྱས་ནས། དམག་མིར་དངུལ་མང་པོ་གཏོང་ཞིང་དེ་རྣམས་ལ། ༡༣ ང་ཚོ་གཉིད་ཁུགས་པའི་ཚེ། ཁོའི་ཉེ་གནས་མཚན་ལ་འོངས་ནས་རོ་བརྐུས་སོ་ཞེས་ཤོད་ཅིག ༡༤ སྤྱི་ཁྱབ་ཀྱིས་དེ་ཚོར་ན། ང་ཚོས་ཁོ་ལ་ཟེར་ནས་ཁྱེད་ཚོ་ཐར་བར་བྱའོ་སྨྲས་སོ། ༡༥ དེ་རྣམས་ཀྱིས་དངུལ་དེ་བླངས་ནས། བསླབ་བྱ་བཞིན་དུ་བྱས་པས། ཡ་ཧུ་དཱ་པའི་ཁྲོད་དུ་དེ་རིང་གི་བར་དུ་གཏམ་འདི་དར་ནས་ཡོད།
༡༦ ཉེ་གནས་བཅུ་གཅིག་པོ་ཡེ་ཤུས་བསྟན་པའི་ག་ལིལ་གྱི་རིར་སོང་ནས། ༡༧ ཡེ་ཤུ་མཇལ་ཏེ། ཕྱག་བཙལ་ཡང་། ཁ་ཅིག་གིས་ཐེ་ཚོམ་བྱས་སོ། ༡༨ ཡེ་ཤུས་འདི་སྐད་དུ་གནམ་ས་གཉིས་ཀྱི་དབང་ང་ལ་གནང་ཡོད་པས། ༡༩ སོང་ལ་མི་རྒྱུད་ཐམས་ཅད་ཉེ་གནས་སུ་ཟུང་ཞིག དེ་རྣམས་ལ་ཡབ་དང་སྲས་དང་དམ་པའི་ཐུགས་ཉིད་ཀྱི་མཚན་རྗོད་ཅིང་ཁྲུས་གསོལ་ཞིག ༢༠ ངས་ཁྱེད་ལ་གནང་བའི་བཀའ་ཐམས་ཅད་སྲུང་ཕྱིར་འདོམས་ཤིག ང་ནི་རྒྱུན་དུ་དུས་ཀྱི་མཐའ་མའི་བར་དུ་ཁྱེད་དང་མཉམ་དུ་ཡོད་དོ་ཞེས་གདམས་པར་མཛད་དོ༎ ༎