༢༦
ཡེ་ཤུས་བཀའ་དེ་རྣམས་གསུངས་པའི་རྗེས་སུ་ཉེ་གནས་རྣམས་ལ། ༢ ཞག་གཉིས་ནས་པེ་སག་*གི་དུས་ཆེན་ཡིན་པ་དང་། མིའི་བུ་རྐྱང་ཤིང་ལ་བརྐྱང་ཕྱིར་དགྲའི་ལག་ཏུ་གཏད་འོང་བ་ཁྱེད་ཀྱིས་ཤེས་སོ་གསུངས།༣ དེའི་ཚེ་བླ་ཆེན་དང་རྒན་མི་རྣམས་བླ་ཆེན་ཀ་ཡ་ཕཱའི་ཚོམས་སུ་འདུས་ནས། ༤ གཡོ་སྒྱུས་ཡེ་ཤུ་གཟུང་ཞིང་འགྲོངས་པའི་གྲོས་བྱས་ཏེ། ༥ མི་སྡེ་མི་འཁྲུགས་ཕྱིར་དུས་ཆེན་ལ་མི་གཟུང་སྨྲས་སོ༎
༦ ཡེ་ཤུ་བེད་ཨན་ཡཱ་རུ་ཤི་མོན་མཛེ་ཅན་གྱི་ཁང་པར་བཞུགས་པའི་ཚེ། ༧ སྤོས་ཆུ་རིན་ཅན་གྱིས་གང་བའི་ཀ་མ་རུའི་བུམ་པ་འཁུར་བའི་བུད་མེད་ཅིག་འོངས་ནས། ཁོང་གསོལ་བ་བཞེས་པའི་ཚེ་སྤོས་ཆུ་དབུ་ལ་བླུགས་སོ། ༨ ཉེ་གནས་རྣམས་ཀྱིས་མཐོང་སྟེ་ཁྲོས་ནས། འདི་ཅིའི་ཕྱིར་ཆུད་ཟོས་ལ་བཏང་། ༩ འདི་རིན་ཆེན་པོར་འཚོང་ནས་དབུལ་པོར་སྦྱིན་ནུས་ཟེར་རོ། ༡༠ ཡེ་ཤུས་མཁྱེན་ནས་དེ་དག་ལ། ཁྱེད་ཀྱིས་མོའི་སེམས་ཅི་ལ་དཀྲུག དེས་ང་ལ་བཟང་པོ་ཞིག་བྱས། ༡༡ དབུལ་པོ་རྒྱུན་དུ་ཁྱེད་རྩར་ལུས། ང་རྒྱུན་དུ་ཁྱེད་རྩར་མི་ལུས། ༡༢ མོས་ངའི་ལུས་ལ་སྤོས་ཆུ་བླུག་པ་ང་དུར་དུ་འཇུག་པར་མཚོན་ནོ། ༡༣ འཇིག་རྟེན་ནང་གང་དུའང་ཕྲིན་བཟང་འདི་འཆད་ན། མོས་བྱས་པའང་མོའི་དྲན་རྟགས་སུ་འཆད་འོང་ངས་བདེན་པར་ཟེར་གསུངས་སོ༎
༡༤ ཉེ་གནས་བཅུ་གཉིས་པོ་ལས་གཅིག་ཡིན་པའི་ཀར་ཡོད་པ་ཡུ་དཱ་བྱ་བ་བླ་ཆེན་རྣམས་ཀྱི་རྩར་སོང་སྟེ། ༡༥ ངས་ཁོང་ཁྱེད་ལ་གཏད་ན་ཅི་གནང་འོང་སྨྲས་པས། དེ་དག་གིས་དངུལ་ཊཾ་སུམ་ཅུ་བཅལ་ཏོ། ༡༦ དེ་ནས་ཕྱིན་དུ་ཁོས་ཁོང་དགྲ་ལ་གཏད་པའི་སྐབས་བཙལ་ཏོ༎
༡༧ སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་གྱི་ཞག་དང་པོ་ལ། ཉེ་གནས་རྣམས་བཅར་ནས། ཁྱེད་ཕྱིར་པེ་སག་གང་དུ་བཤམ་ཞེས་ཞུས་པ་དང་། ༡༨ ཁོང་གིས་གསུངས་པ། རྒྱལ་སར་མི་འདི་བཞིན་གྱི་རྩར་སོང་ནས་དེ་ལ། སྟོན་པས། ངའི་དུས་ཉེ་བས། ཉེ་གནས་རྣམས་དང་མཉམ་དུ་ཁྱོད་ཀྱི་ཁང་པར་པེ་སག་བྱའོ་ཞེས་གསུངས་སོ་སྨྲོས་ཤིག ༡༩ ཉེ་གནས་རྣམས་ཀྱིས་ཡེ་ཤུའི་བཀའ་བཞིན་དུ་དེར་པེ་སག་བཤམས་སོ། ༢༠ ཕྱི་དྲོ་ཉེ་གནས་བཅུ་གཉིས་པོ་དང་མཉམ་དུ་གསོལ་བ་བཞེས་པའི་ཚེ། ༢༡ ཁོང་གིས་ཁྱེད་ལས་གཅིག་གིས་ང་དགྲའི་ལག་ཏུ་གཏོད་འོང་ཞེས་ངས་བདེན་པར་ཟེར་གསུངས། ༢༢ དེ་རྣམས་ཤིན་ཏུ་ཚེར་ཏེ་རེ་རེས། ཇོ་བོ་ལགས། ང་ཡིན་སྲིད་དམ་ཞུས་པའི་ལན་དུ། ༢༣ ང་དང་མཉམ་ཕོར་པའི་ནང་ལག་པ་བཅུག་པ་དེས་ང་གཏོད་འོང་། ༢༤ མདོ་བཞིན་མིའི་བུ་གཤེགས་ཀྱང་། མིའི་བུ་གཏོད་པ་དེ་ལ་སྙིང་རེ་རྗེ། ཁོ་མ་སྐྱེས་པ་ཡིན་ན་ལེགས་གསུངས། ༢༥ ཁོང་གཏོད་པའི་ཡུ་དཱས་ཞུ་ལན་དུ། སྟོན་པ། ང་ཡིན་སྲིད་དམ་ཞུས། ཁོང་གིས། ཁྱོད་ཀྱིས་ཟེར་བ་བཞིན་ནོ་གསུངས།
༢༦ གསོལ་བ་བཞེས་པའི་ཚེ། ཡེ་ཤུས་བག་ལེབ་ཕྱག་ཏུ་བཞེས་ཏེ། གསོལ་བ་བཏབ་ནས་བཅག་སྟེ། ཉེ་གནས་རྣམས་ལ་གནང་ཞིང་། འདི་ནི་ངའི་ལུས་ཡིན། ལེན་ལ་ཟོ་གསུངས། ༢༧ ཕོར་པ་ཕྱག་ཏུ་བཞེས་ཏེ། གཏང་རག་ཕུལ་ནས། དེ་རྣམས་ལ་གནང་ཞིང་། ཁྱེད་ཐམས་ཅད་འདིའི་ནང་ནས་འཐུང་ཞིག ༢༨ འདི་ནི་ཞལ་ཆད་*ཀྱི་ངའི་ཁྲག་ཡིན། ཁྲག་དེ་མང་པོའི་སྡིག་པ་འདག་ཕྱིར་བླུག་གོ། ༢༩ ངའི་ཡབ་ཀྱི་རྒྱལ་སྲིད་ནང་ཁྱེད་མཉམ་རྒུན་ཆང་གསར་པ་མི་འཐུང་བའི་བར་དུ། ངས་རྒུན་ཤིང་གི་ཁུ་བ་འདི་ལས་མི་འཐུང་ཞེས་ངས་ཟེར་གསུངས་སོ། ༣༠ དེ་ནས་གསུང་མགུར་བླངས་ནས་ཁ་སྐྱུར་པོའི་རི་ལ་ཕེབས་སོ༎
༣༡ ཡེ་ཤུས་དེ་རྣམས་ལ།
ང་ཡིས་ལུག་རྫི་ལ་བརྡུང་སྟེ༎
ཁྱུ་ཡི་ལུག་རྣམས་འཐོར་བར་འགྱུར༎
ཞེས་བྲིས་ཡོད་པ་ལྟར། མཚན་འདི་ལ་ཁྱེད་ཐམས་ཅད་ཀྱི་དད་པ་ངའི་རྐྱེན་གྱིས་ཉམས་པར་འགྱུར། ༣༢ འོན་ཀྱང་ང་གསོན་པོར་ལང་བའི་འོག་ཏུ་ཁྱེད་ལས་སྔོན་དུ་ག་ལིལ་དུ་འགྲོ་འོང་གསུངས། ༣༣ པེ་ཏྲོས་ཐམས་ཅད་ཀྱིས་ཁྱེད་ལ་རྒྱབ་ཕྱོགས་ཀྱང་། ངས་ནི་ནམ་ཡང་རྒྱབ་མི་ཕྱོགས་ཞུས། ༣༤ ཡེ་ཤུས། མཚན་འདི་ལ་བྱ་སྐད་བརྒྱབ་པ་ལས་སྔོན་དུ། ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་ཞེས་ངས་བདེན་པར་ཟེར་གསུངས། ༣༥ པེ་ཏྲོས། ང་ཁྱེད་མཉམ་དུ་འཆི་དགོས་ནའང་། ཁྱེད་ལ་རྒྱབ་མི་ཕྱོགས་ཞུས། དེ་བཞིན་དུ་ཉེ་གནས་ཐམས་ཅད་ཀྱིས་ཀྱང་ཞུས།
༣༦ ཡེ་ཤུ་དེ་རྣམས་དང་བཅས་གེད་ཤེ་མཱ་ནེ་ས་ཆར་ཕེབས་སོ། ཉེ་གནས་རྣམས་ལ། ངས་དེར་སྨོན་ལམ་ཞུ་བའི་བར་དུ། ཁྱེད་འདིར་སྡོད་ཅིག་གསུངས་ནས། ༣༧ པེ་ཏྲོ་དང་ཟེ་བད་ཡཱའི་བུ་གཉིས་པོ་འཁྲིད་ནས་ཕེབས། ཐུགས་འཚེར་ཞིང་འཁྲུག་སྟེ། ༣༨ དེ་དག་ལ་ང་འཆི་ལ་ཐུག་པ་ཙམ་ཤིན་ཏུ་འཚེར་རོ། ང་དང་མཉམ་དུ་འདིར་གཉིད་མ་ལོག་པར་སྡོད་ཅིག་གསུངས་ནས། ༣༩ ཅུང་ཟད་ཕར་ཕེབས་ནས་ཞལ་འབུབ་ལོག་ནས། ཡབ་ལགས། སྲིད་ན་ཕོར་པ་འདི་ང་ནས་ཕྱིར་ལྡོག་པར་མཛོད་ཅིག འོན་ཀྱང་ངའི་འདོད་པ་བཞིན་དུ་མ་ཡིན་པར། ཁྱེད་ཀྱི་དགོངས་པ་བཞིན་གྱུར་ཅིག་ཅེས་གསོལ་བ་བཏབ་བོ། ༤༠ ཉེ་གནས་ཀྱི་རྩར་ཕེབས་ཏེ། ཉལ་བ་གཟིགས་ནས་པེ་ཏྲོ་ལ། ཆུ་ཚོད་གཅིག་ཀྱང་ང་མཉམ་སྲུང་མི་ཐུབ་བམ། ༤༡ ཉམས་སད་ནང་མི་ལྟུང་བའི་ཕྱིར། མ་ཉལ་བར་སྨོན་ལམ་ཐོབ་ཅིག སྙིང་རུས་ཡོད་ཀྱང་ལུས་སྟོབས་ཆུང་ངོ་གསུངས་ནས། ༤༢ ཐེངས་གཉིས་པར་ཕེབས་ཏེ། ཡབ་ལགས། ངས་ཕོར་པ་འདི་མ་འཐུང་བར་ཕྱིར་ལྡོག་མི་སྲིད་ན། ཁྱེད་ཀྱི་དགོངས་པ་བཞིན་གྲུབ་ཅིག་ཞུས་ནས། ༤༣ ཕེབས་པ་དང་། དེ་དག་གཉིད་འཐིབས་པས། ཉལ་བ་གཟིགས་ཏེ། ༤༤ བོར་ནས་གཤེགས་ཏེ། ཐེངས་གསུམ་པར་སྔོན་བཞིན་སྨོན་ལམ་ཞུས་སོ། ༤༥ དེ་ནས་ཉེ་གནས་ཀྱི་རྩར་བྱོན་ཏེ་འདི་སྐད་དུ། ཉལ་ཏེ། ངལ་གསོའམ། མིའི་བུ་སྡིག་ཅན་གྱི་ལག་ཏུ་གཏོད་པའི་དུས་ཚོད་ཉེའོ། ༤༦ ལོངས་ལ་ངེད་འགྲོ། ང་དགྲར་གཏོད་མཁན་དེ་ཉེའོ། ལྟོས་ཤིག་གསུངས་སོ༎
༤༧ གསུང་བའི་མོད་ལ་བཅུ་གཉིས་པོའི་ནང་གི་ཡུ་དཱ་མཉམ་དུ། བླ་ཆེན་དང་རྒན་མིས་བཏང་བའི་དཔུང་། རལ་གྲི་དང་དབྱུག་པ་ཐོགས་པ་འོངས་སོ། ༤༨ ཁོང་བཏད་མཁན་དེས། ངས་སུ་ལ་འོ་བྱ་བ་དེ་ཁོང་ཡིན། ཟུང་ཞིག ཞེས་བརྡ་བཏང་ཡོད་དོ། ༤༩ ཁོས་ཡེ་ཤུ་མཇལ་མ་ཐག་ཏུ། སྟོན་པ། ཕྱག་འཚལ། ཞུས་ནས་འོ་ཕུལ་ཏོ། ༥༠ ཡེ་ཤུས། གྲོགས་པོ། ཅིའི་ཕྱིར་འོངས་གསུངས་པ་དང་། མི་རྣམས་འོངས་ནས་ཡེ་ཤུ་བཟུང་ངོ་། ༥༡ ཉེ་གནས་གཅིག་གིས་རལ་གྲི་བཏོན་ནས། བླ་ཆེན་གྱི་གཡོག་པོ་ལ་བརྒྱབ་ནས། རྣ་བ་ཡ་གཅིག་བཅད་དོ། ༥༢ ཡེ་ཤུས་དེ་ལ། རལ་གྲི་ཤུབས་ནང་ཆུག རལ་གྲི་བཏོན་ཚད་རལ་གྲིས་འཆི། ༥༣ ཕོ་ཉའི་དམག་དཔུང་བཅུ་གཉིས་ལས་ལྷག་གནང་བར་ངེས་པའི་ཡབ་ལ་ངས་ཞུ་མི་ཐུབ་སེམས་སམ། ༥༤ འདི་ལྟར་འབྱུང་དགོས་སོ་དེ་མིན་ལུང་དུ་བསྟན་པ་ཅི་ལྟར་འགྲུབ་གསུངས། ༥༥ དཔུང་ཚོགས་ལ། རལ་གྲི་དང་དབྱུག་པ་ཐོགས་ནས་ང་ཇག་པ་ལྟར་འཛིན་དུ་ཐོན་ནམ། ང་ཉིན་རེ་བཞིན་མཆོད་ཁང་ན་བསྡད་དེ་ཆོས་བསྟན་ཡང་ཁྱེད་ཀྱིས་ང་མ་བཟུང་། ༥༦ འདི་ཐམས་ཅད་ལུང་སྟོན་པས་བྲིས་པ་རྣམས་འགྲུབ་ཕྱིར་ཡིན་གསུངས་སོ། ཉེ་གནས་རྣམས་ཁོང་སྤངས་ནས་བྲོས་སོ། ༥༧ ཡེ་ཤུ་བཟུང་བ་རྣམས་ཀྱིས། ཁོང་བླ་ཆེན་ཀ་ཡ་ཕཱའི་རྩར་གདན་དྲངས། དེར་མཁན་པོ་དང་རྒན་མི་འདུས་ཡོད་དོ༎
༥༨ པེ་ཏྲོ་བླ་ཆེན་གྱི་ཚོམས་བར་དུ་རྒྱང་མ་ནས་འབྲངས་ནས། ནང་དུ་ཞུགས་ཏེ་མཐར་ཐུག་ཅི་འབྱུང་བལྟ་ཕྱིར། འཁོར་གཡོག་རྣམས་དང་མཉམ་བསྡད་དོ། ༥༩ བླ་ཆེན་དང་གྲོས་མི་ཐམས་ཅད་ཀྱིས་ཡེ་ཤུ་གསོད་པའི་ཕྱིར་སྙད་བཙལ་ནས། ༦༠ རྫུན་གྱི་དཔང་པོ་མང་པོ་ཐོན་ཡང་། སྙད་མ་ཐོབ། མཇུག་ཏུ་གཉིས་ཀྱིས། ༦༡ མི་འདིས་ངས་དཀོན་མཆོག་གི་མཆོད་ཁང་བཤིག་ནས། ཞག་གསུམ་ནང་རྩིག་ནུས་ཞེས་ཟེར་རོ་སྨྲས། ༦༢ བླ་ཆེན་ལངས་ནས་ཁོང་ལ། འདི་ཚོས་ཁྱེད་འགལ་ཡོད་པའི་དཔང་བྱེད་པ་ལ། ལན་མི་གཏོང་ངམ་ཞུས་ཀྱང་། ཞལ་རོག་བཞུགས་སོ། ༦༣ ཡང་བླ་ཆེན་གྱིས་ངས་ཁྱེད་ལ་དཀོན་མཆོག་གསོན་པོའི་མནའ་བཀལ་ནས། ཁྱེད་དཀོན་མཆོག་གི་སྲས་མཱ་ཤི་ཀ་ཡིན་ན། ངེད་ལ་ཤོད་ཞུས། ༦༤ ཡེ་ཤུས་ཁྱེད་ཀྱི་ཟེར་བ་བཞིན་ནོ། མ་ཟད་ཕྱིས་མིའི་བུ་ནི་ཀུན་དབང་གི་ཕྱག་གཡས་སུ་བཞུགས་ཤིང་། གནམ་གྱི་སྤྲིན་གྱི་སྟེང་ན་འབྱོན་པ་ཁྱེད་ཅག་གིས་མཐོང་འོང་ཞེས་ངས་ཟེར་གསུངས། ༦༥ བླ་ཆེན་གྱིས་རང་གི་གོས་བཤགས་ནས། འདི་ནི་སྐུར་འདེབས་ཞུས་སོ། ད་དུང་དཔང་པོ་ཅི་དགོས། སྐུར་པ་དེ་ཁྱེད་ཅག་གིས་ད་ལྟ་ཐོས་ཡོད། ༦༦ ཅི་ལྟར་སེམས་སྨྲས་པས། གྲོས་མིས། གསོད་འོས་སོ་སྨྲས་སོ། ༦༧ དེ་ནས་དེ་རྣམས་ཀྱིས་ཁོང་གི་ཞལ་གདོང་ལ་མཆིལ་མ་གཏོར། མུར་རྫོག་བརྒྱབ། ཁ་ཅིག་གིས་འགྲམ་ལྕག་བརྒྱབ་ནས་ཁོང་ལ། ༦༨ ཀྱེ་མཱ་ཤི་ཀ་སུས་བརྡུངས། མངོན་ཤེས་ཤོད་སྨྲས་སོ༎
༦༩ དེའི་ཚེ་པེ་ཏྲོ་ཕྱི་རོལ་དུ་ཚོམས་ནང་བསྡད་ཡོད་པ་ལས། གཡོག་མོ་ཞིག་དེའི་རྩར་འོངས་ནས། ཁྱོད་ཀྱང་ག་ལིལ་པ་ཡེ་ཤུ་མཉམ་ཡོད་པ་ཡིན་ཟེར་བས། ༧༠ ཁོས་ཁྱོད་ཀྱིས་ཅི་ཟེར་བ་ངས་མི་ཤེས་སྨྲས་ཤིང་། ཐམས་ཅད་ཀྱི་མདུན་དུ་ང་མིན་ཟེར་ཏོ། ༧༡ དེ་ནས་རྒྱལ་སྒོའི་རྩར་སོང་བས། གཡོག་མོ་གཞན་ཞིག་གིས་མཐོང་སྟེ། དེར་ཡོད་པ་རྣམས་ལ། མི་འདི་ན་ཙཱ་རེད་པ་ཡེ་ཤུ་མཉམ་ཡོད་པ་ཡིན་སྨྲས་པས། ༧༢ ཁོས་མནའ་བསྐྱལ་ཏེ། ངས་མི་དེ་མི་ཤེས་སྨྲ་ཞིང་ང་མིན་ཟེར་ཏོ། ༧༣ ཅུང་ཞིག་ནས་དེར་ཡོད་པ་རྣམས་ཀྱིས་པེ་ཏྲོ་ལ། ཁྱོད་ཀྱང་བདེན་པར་དེ་དག་གི་ནང་ནས་གཅིག་ཡིན། ཁྱོད་ཀྱི་སྐད་ལུགས་ལས་ཤེས་སོ། སྨྲས་པས། ༧༤ ཁོས་དམོད་པ་བོར་ཞིང་མནའ་བསྐྱལ་ནས། ངས་མི་དེ་མི་ཤེས་སྨྲས་མ་ཐག་ཏུ་བྱ་ཕོས་སྐད་བཏང་ངོ་། ༧༥ བྱ་སྐད་ལས་སྔོན་དུ་ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་། ཞེས་ཡེ་ཤུས་གསུངས་པ་དེ་པེ་ཏྲོས་དྲན་ནས། ཕྱི་རོལ་དུ་འཐོན་ཏེ་རབ་ཏུ་ངུས་སོ༎