༢༥
ནམ་མཁའི་རྒྱལ་སྲིད་ནི། མར་མེ་འཁུར་ཏེ་མག་པ་བསུ་རུ་སོང་བའི་གཞོན་ནུ་མ་བཅུ་དང་འདྲའོ། ༢ ལྔ་བླུན་མོ་དང་ལྔ་མཛངས་མ་སྟེ། ༣ བླུན་མོས་ཞུན་མར་འཁུར་ཡང་ཞུན་སྣུམ་མ་ཁྱེར་རོ། ༤ མཛངས་མས་ཞུན་མར་དང་མཉམ་སྣུམ་ཡང་སྣོད་ནང་ཁྱེར་རོ། ༥ མག་པ་འགོར་བས་ཐམས་ཅད་གཉིད་ལོག་གོ། ༦ མཚན་ཕྱེད་ལ་མག་པ་འོང་ངོ་བསུ་རུ་སོང་ཞེས་པའི་སྐད་བྱུང་བ་ལས། ༧ གཞོན་ནུ་མ་རྣམས་ལངས་ནས་ཞུན་མར་གསལ་བར་བྱས་པ་དང་། ༨ བླུན་མོས་མཛངས་མ་ལ། ང་ཚོའི་མར་མེ་འཆི་འགྲོ་བས། ཁྱེད་ཀྱི་ཞུན་སྣུམ་ནས་ངེད་ལ་ཐོང་ཞིག་སྨྲས་པའི་ལན་དུ། ༩ གཏོང་ན་ང་ཚོ་དང་ཁྱེད་ཚོ་གཉིས་ཀར་མི་འཁྱེད་པས། ཚོང་པའི་རྩར་ཉོ་རུ་སོང་སྨྲས་སོ། ༡༠ སོང་བ་དང་མག་པ་བསླེབས། གྲལ་འགྲིག་ཡོད་པ་རྣམས་དེ་དང་མཉམ་དུ་བག་སྟོན་གྱི་ཁང་པར་ཞུགས་ནས། སྒོ་བརྒྱབ་བོ། ༡༡ རྗེས་སུ་གཞན་ལྔ་པོ་འོང་ཞིང་། ཇོ་བོ། ཇོ་བོ། སྒོ་ཕྱེས་ཤིག་སྨྲས་པའི་ལན་དུ་མག་པས། ༡༢ ཁྱེད་ཚོ་མི་ཤེས་ངས་བདེན་པར་ཟེར་སྨྲས་སོ། ༡༣ དེ་བས་ན་ཞག་དེ་དང་ཆུ་ཚོད་དེ་མི་ཤེས་པས། བྱ་ར་བྱོས་ཤིག༡༤ ཡང་འདི་དང་འདྲ་སྟེ། མི་ཞིག་གིས་བྱེས་སུ་འགྲོ་བའི་དུས་སུ། གཡོག་པོ་བོས་ནས་ནོར་བཏད། ༡༥ རེ་རེའི་ནུས་ཚོད་ལྟར་གཅིག་ལ་རྡོ་ཚད་ལྔ། གཅིག་ལ་རྡོ་ཚད་གཉིས། གཅིག་ལ་རྡོ་ཚད་གཅིག་བཏད་ནས་སོང་ངོ་། ༡༦ རྡོ་ཚད་ལྔ་ཐོབ་པ་དེ་འཕྲལ་དུ་སོང་ནས། དེ་ལ་འབད་པས། གཞན་རྡོ་ཚད་ལྔ་འབྱོར། ༡༧ དེ་བཞིན་དུ་རྡོ་ཚད་གཉིས་ཐོབ་པ་ལའང་། གཞན་རྡོ་ཚད་གཉིས་འབྱོར། ༡༨ རྡོ་ཚད་གཅིག་ཐོབ་པ་དེས་ས་བྲུས་ཏེ། དཔོན་པོའི་དངུལ་སྦས་སོ། ༡༩ ཡུན་རིང་གི་རྗེས་སུ་དཔོན་པོ་ལོག་འོངས་ནས། རྩིས་ལེན་པ་ལས། ༢༠ རྡོ་ཚད་ལྔ་ཐོབ་པ་དེས་གཞན་ལྔ་ཕུལ་ནས། ཇོ་བོ། ཁྱེད་ཀྱིས་ང་ལ་རྡོ་ཚད་ལྔ་བཏད། ང་ལ་གཞན་ལྔ་འབྱོར་པ་ལ་གཟིགས་ཞུས་པ་དང་། ༢༡ དཔོན་པོས། ལེགས་སོ། གཡོག་པོ་བཟང་ཞིང་དྲང་པོ་ཁྱོད། ཉུང་ངུའི་ནང་ལ་དྲང་པོ་བྱས་པས། མང་པོའི་གཉེར་པ་བྱའོ། རང་གི་དཔོན་པོའི་དགའ་མོའི་ནང་འགྲོགས་ཤིག་སྨྲས་སོ། ༢༢ རྡོ་ཚད་གཉིས་ཐོབ་པ་དེས་ཀྱང་། ཇོ་བོ། ཁྱེད་ཀྱིས་ང་ལ་རྡོ་ཚད་གཉིས་བཏད། ང་ལ་གཞན་གཉིས་འབྱོར་པ་ལ་གཟིགས་ཞུས་པ་དང་། ༢༣ དཔོན་པོས། ལེགས་སོ། གཡོག་པོ་བཟང་ཞིང་དྲང་པོ་ཁྱོད། ཉུང་ངུའི་ནང་ལ་དྲང་པོ་བྱས་པས། མང་པོའི་གཉེར་པ་བྱའོ། རང་གི་དཔོན་པོའི་དགའ་མོའི་ནང་འགྲོགས་ཤིག་སྨྲས་སོ། ༢༤ རྡོ་ཚད་གཅིག་ཐོབ་པ་དེས། ཇོ་བོ། ཁྱེད་དྲག་པོ་དང་། མ་བཏབ་པའི་ས་ནས་རྔ་མཁན་དང་། མ་གཏོར་བའི་ས་ནས་སྡུད་མཁན་ཡིན་པ་ཤེས་པས། ༢༥ ང་འཇིགས་ནས་ཁྱེད་ཀྱི་རྡོ་ཚད་གཅིག་པུ་སའི་ནང་སྦས་པ་ཡིན། ཁྱེད་ཀྱི་ཡིན་པ་བཞེས་ཤིག་ཞུས་པ་དང་དཔོན་པོས། ༢༦ གཡོག་པོ་ངན་པ་ལེ་ལོ་ཅན་ཁྱོད། ང་མ་བཏབ་པའི་ས་ནས་རྔ་མཁན་དང་། མ་གཏོར་བའི་ས་ནས་སྡུད་མཁན་ཡིན་པར་ཁྱོད་ཀྱིས་ཤེས་པས། ༢༧ ངའི་དངུལ་རྗེ་མཁན་ལ་གཏོད་དགོས་པ་ཡིན། བཏད་པ་ཡིན་ན་ང་འོང་དུས་སུ། ངའི་ཡིན་པ་སྐྱེད་དང་བཅས་ལེན་ཐུབ་པ་ཡིན། ༢༨ ད་རྡོ་ཚད་དེ་ཁོ་ནས་ལེན་ཏེ། བཅུ་ཡོད་པ་དེ་ལ་ཐོང་། ༢༩ ཡོད་པ་ལ་གནང་སྟེ་མང་པོར་འགྱུར། མེད་པ་ལས་ཇི་ཡོད་པ་དེའང་ལེན་པར་འགྱུར། ༣༠ གཡོག་པོ་ཕན་མེད་དེ་ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་ཕྱི་རོལ་མུན་པའི་ནང་དབྱུག་ཅིག་ཅེས་སྨྲས་སོ༎
༣༡ མིའི་བུ་གཟི་བརྗིད་ནང་ཕོ་ཉའི་འཁོར་དང་བཅས་པ་འབྱོན་པའི་དུས་སུ། ཉིད་ཀྱི་གཟི་བརྗིད་ཀྱི་ཁྲིར་བཞུགས་པར་འགྱུར། ༣༢ མི་རྒྱུད་ཐམས་ཅད་སྐུ་དྲུང་དུ་བསྡུ་སྟེ། ལུག་རྫིས་ར་མ་ལས་ལུག་སོ་སོར་ཕྱེ་བ་ལྟར། ཁོང་གིས་དེ་རྣམས་ཀྱང་ཕྱེ་བར་འགྱུར། ༣༣ གཡས་སུ་ལུག་དང་གཡོན་དུ་ར་མ་འཇོག་ཅིང་། ༣༤ རྒྱལ་པོས་གཡས་སུ་ཡོད་པ་ལ། ཡབ་ཀྱིས་བྱིན་གྱིས་བརླབས་པ་ཁྱེད། འཇིག་རྟེན་བཀོད་པ་ནས་ཁྱེད་ཕྱིར་བཤམས་པའི་རྒྱལ་སྲིད་སྐལ་བར་ལེན་དུ་ཤོག ༣༥ ཁྱེད་ཀྱིས་ང་ལྟོགས་པ་ལ་ཁ་ཟས་བསྟེར། ང་སྐོམ་པ་ལ་བཏུང་བ་བསྟེར། ང་འགྲོན་པོར་གནས་ཚང་བཏང་། ༣༦ ང་གཅེར་བུར་གོས་བསྐོན། ང་ན་བ་ལ་བལྟས། ང་བཙོན་དུ་ཡོད་པ་ལ་མཇལ་དུ་འོངས་གསུང་བར་འགྱུར། ༣༧ དྲང་པོ་རྣམས་ཀྱིས། གཙོ་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པའམ། ༣༨ འགྲོན་པོའམ། གཅེར་བུར་མཐོང་སྟེ། གསོལ་བའམ། སྐྱེམས་སམ། གནས་ཚང་ངམ། ན་བཟའ་ནམ་ཕུལ། ༣༩ ཡང་སྙུང་བའམ་བཙོན་དུ་མཐོང་སྟེ་ནམ་མཇལ་དུ་འོངས་ཞུ་བར་འགྱུར། ༤༠ རྒྱལ་པོས། ངའི་སྤུན་ཆུང་ཤོས་འདི་གཅིག་ལ་ཁྱེད་ཀྱིས་དེ་ལྟར་བྱས་པ་ནི། ང་ལ་བྱས་པ་ཡིན་ཞེས་ངས་བདེན་པར་ཟེར་གསུང་བར་འགྱུར། ༤༡ གཡོན་དུ་ཡོད་པ་ལ། དམོད་མོ་ཕོག་པ་དག ངའི་མདུན་ནས་བདུད་དང་དེའི་ཕོ་ཉའི་ཕྱིར་བཤམས་པའི་མི་འཇིག་པའི་མེའི་ནང་དུ་སོང་། ༤༢ ཁྱོད་ཀྱིས་ང་ལྟོགས་པ་ལ་ཁ་ཟས་མ་བསྟེར། ང་སྐོམས་པ་ལ་བཏུང་བ་མ་བསྟེར། ༤༣ ང་མགྲོན་པོར་གནས་ཚང་མ་བཏང་། ང་གཅེར་བུར་གོས་མ་བསྐོན། ང་ན་བ་དང་བཙོན་དུ་ཡོད་པ་ལ་མཇལ་དུ་མ་འོངས་གསུང་བར་འགྱུར། ༤༤ དེ་དག་གིས་གཙོ་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པའམ། འགྲོན་པོའམ། གཅེར་བུའམ། སྙུང་བའམ། བཙོན་དུ་མཐོང་སྟེ་ནམ་བསྙེན་བཀུར་མ་བྱས་ཞུ་བར་འགྱུར། ༤༥ རྒྱལ་པོས། ཆུང་ཤོས་འདི་གཅིག་ལ་ཁྱོད་ཀྱིས་དེ་ལྟར་མ་བྱས་པ་ནི། ང་ལ་མ་བྱས་པ་ཡིན་ཞེས་ངས་བདེན་པར་ཟེར་གསུང་བར་འགྱུར། ༤༦ འདི་དག་མཐའ་མེད་པའི་ཆད་པ་དང་། དྲང་པོ་དག་མཐའ་མེད་པའི་ཚེར་ལོངས་སྤྱད་པར་འགྱུར་གསུངས་སོ༎