༢༤
ཡེ་ཤུ་མཆོད་ཁང་ནས་འཐོན་ཞིང་ཕེབས་པ་ལས། མཆོད་ཁང་གི་ཁང་རྒྱ་སྤྱན་འབེབས་ཞུ་ཕྱིར། ཉེ་གནས་རྣམས་འོངས། ༢ བཀའ་ལན་དུ། འདི་ཐམས་ཅད་མཐོང་ངམ། འདིར་རྡོ་གཅིག་ཀྱང་མ་ལུས་པར་རློག་པར་འགྱུར་ཞེས་ངས་བདེན་པར་ཟེར་གསུངས་སོ༎༣ ཁ་སྐྱུར་པོའི་རི་ལ་བཞུགས་ཡོད་པ་ལས། ཉེ་གནས་རྣམས་ཟུར་དུ་བཅར་ནས། ཁྱེད་འབྱོན་པ་དང་། དུས་ཀྱི་མཐའ་མའི་རྟགས་ཅི་ཡིན། འདི་རྣམས་ནམ་འབྱུང་འོང་ངེད་ལ་གསུང་དུ་གསོལ་ཞེས་ཞུས་པའི་བཀའ་ལན་དུ། ༤ ཁྱེད་བསླུ་བར་མ་འགྱུར་ཞིག ༥ མང་པོས་ངའི་མིང་འཁུར་ཏེ། ང་མཱ་ཤི་ཀ་ཡིན་ཟེར་ནས་མང་པོ་བསླུ་འོང་། ༦ དམག་དང་དམག་གི་སྐད་ཆ་ཐོས་འོང་ཡང་། མ་འཇིགས་ཤིག དེ་འབྱུང་དགོས། འོན་ཀྱང་ད་དུང་མཐའ་མ་མིན། ༧ མི་རྒྱུད་དང་རྒྱལ་ཁག་ཕན་ཚུན་ལང་འོང་། ས་ཆ་སོ་སོར་མུ་གེ་དང་ས་གཡོ་འབྱུང་འོང་། ༨ དེ་ཐམས་ཅད་ཟུག་གཟེར་གྱི་ཐོག་མ་ཡིན། ༩ དེ་ནས་མིས་ཁྱེད་ལ་འཚེ་བའི་ཕྱིར་བཏད་དེ་གསད་འོང་། ངའི་མིང་གི་རྐྱེན་གྱིས་མི་རྒྱུད་ཐམས་ཅད་ཀྱིས་ཁྱེད་ལ་སྡང་འོང་། ༡༠ དེའི་ཚེ་མང་པོ་དད་པ་ལོག་པར་འགྱུར། གཅིག་གིས་གཅིག་དགྲའི་ལག་ལ་གཏད། གཅིག་ལ་གཅིག་སྡང་། ༡༡ ལུང་སྟོན་པ་རྫུས་མ་མང་པོ་ལང་ཞིང་མང་པོ་བསླུ་བར་འགྱུར། ༡༢ ཁྲིམས་འཆལ་འཕེལ་བས། མང་པོའི་བྱམས་སེམས་ཉམས་པར་འགྱུར། ༡༣ འོན་ཀྱང་མཐའ་མའི་བར་དུ་བརྟན་པ་དེ་ཐར་བར་འགྱུར། ༡༤ མི་རྒྱུད་ཐམས་ཅད་ལ་དཔང་བྱེད་ཕྱིར། རྒྱལ་སྲིད་ཀྱི་ཕྲིན་བཟང་འདི་འཇིག་རྟེན་ཀུན་ཏུ་འཆད་པའི་རྗེས་སུ་མཐའ་མ་བསླེབ་བོ༎
༡༥ ཀློག་མཁན་གྱིས་གོ་ཞིག ལུང་སྟོན་པ་དཱ་ནི་ཨེལ་གྱིས་གསུངས་པའི། སྟོང་བྱེད་ཀྱི་མི་གཙང་བ་*དེ་གནས་དམ་པ་རུ་ལང་ཡོད་པ་ཁྱེད་ཀྱིས་མཐོང་བའི་ཚེ། ༡༦ ཡ་ཧུ་དཱ་རུ་ཡོད་པ་རྣམས་རི་ལ་བྲོས་ཤིག ༡༧ ཐོག་ཁར་ཡོད་པ་ནང་ནས་ཡོ་བྱད་ལེན་དུ་མ་འབབ་ཅིག ༡༨ ཀླུངས་ལ་ཡོད་པ་གོས་ལེན་དུ་ལོག་མ་འགྲོ་ཞིག ༡༩ ཉིན་མོ་དེ་ལ་སྦྲུམ་མ་དང་ནུ་ཞོ་སྣུན་པ་རྣམས་སྙིང་རེ་རྗེ། ༢༠ ཁྱེད་འབྲོས་པ་དེ་དགུན་ཀའམ་ཤབ་བཱད་ཀྱི་ཞག་ལ་མི་འབྱུང་ཕྱིར་སྨོན་ལམ་ཐོབ་ཅིག ༢༡ འཇིག་རྟེན་གྱི་ཐོག་མ་ནས་ད་བར་དུ་མ་བྱུང་བ་དང་། ཕྱིས་ཀྱང་མི་འབྱུང་བའི་སྡུག་བསྔལ་ཆེན་པོ་དེའི་དུས་སུ་འབྱུང་འོང་། ༢༢ ཞག་དེ་མ་འཕྲི་ན་སུའང་མི་ཐར་གྱི། འདམས་པ་རྣམས་ཀྱི་དོན་དུ་ཞག་དེ་འཕྲི་འོང་། ༢༣ དེའི་ཚེ་མཱ་ཤི་ཀ་འདིར་བཞུགས་སོ་སུས་ཟེར་ན། ཡིད་མ་ཆེས་ཤིག ༢༤ མཱ་ཤི་ཀ་རྫུས་མ་དང་ལུང་སྟོན་པ་རྫུས་མ་ལང་ཞིང་། ཐུབ་ན་འདམས་པའང་བསླུ་བའི་ཕྱིར། ངོ་མཚར་ཆེ་བའི་ལྟས་སྟོན་འོང་། ༢༥ ངས་མ་འབྱུང་བའི་སྔོན་ལ་ཟེར་རོ། ༢༦ ཁོང་འབྲོག་སྟོང་ལ་བཞུགས་ཟེར་ན་ཕྱི་རོལ་དུ་མ་འགྲོ། ཁོང་ནང་དུ་བཞུགས་ཟེར་ན་ཡིད་མ་ཆེས་ཤིག ༢༧ ཤར་ནས་གློག་འཁྱུག་ཅིང་ནུབ་ཀྱི་བར་དུ་སྣང་བ་ལྟར། མིའི་བུ་ཕེབས་འོང་། ༢༨ རོ་ཡོད་སར་བྱ་རྒོད་འཁོར།
༢༩ ཉིན་མོ་དེའི་སྡུག་བསྔལ་གྱི་རྗེས་སུ།
འཕྲལ་དུ་ཉི་མ་མུན་པར་འགྱུར༎
ཟླ་བས་འོད་ཀྱང་མི་གཏང་ཞིང་༎
གནམ་ནས་སྐར་མ་ལྷུང་འགྱུར་ཏེ༎
གནམ་གྱི་མཐུ་སྟོབས་གཡོ་བར་འགྱུར༎
༣༠ དེ་ནས་མིའི་བུའི་མངོན་རྟགས་ནམ་མཁར་འབྱུང་། དེའི་ཚེ་ས་ཆེན་པོའི་མི་རྒྱུད་ཐམས་ཅད་ཀྱིས་མྱ་ངན་བྱེད་ཅིང་། མིའི་བུ་དབང་དང་གཟི་བརྗིད་དང་བཅས་པ་གནམ་གྱི་སྤྲིན་གྱི་ཁར་འབྱོན་པ་མཐོང་འོང་། ༣༡ ཁོང་གིས་ཉིད་ཀྱི་ཕོ་ཉ་མངགས་ནས། དུང་ཆེན་པོ་དང་མཉམ་དུ་ཁོང་གི་འདམས་པ་རྣམས་ཕྱོགས་བཞི་ནས། ནམ་མཁའི་མཐའ་ནས་མཐའ་རུ་བསྡུ་འོང་།
༣༢ སེ་ཡབ་ཤིང་ལས་དཔེ་སློབས་ཤིག དེའི་ཡལ་ག་མཉེན་པར་གྱུར་ཏེ་ལོ་མ་འབུར་བ་དང་། དབྱར་ཀ་ཉེ་བར་ཤེས་སོ། ༣༣ དེ་བཞིན་དུ་ཁྱེད་ཀྱིས་དེ་ཐམས་ཅད་མཐོང་བ་དང་། དེ་ནི་སྒོ་རྩར་བསླེབས་ཡོད་པར་ཤེས་འོང་། ༣༤ དེ་ཐམས་ཅད་མ་འབྱུང་བའི་བར་དུ། མི་རབས་འདི་འདའ་བར་མི་འགྱུར་ངས་བདེན་པར་ཟེར། ༣༥ གནམ་ས་གཉིས་འདའ་ཡང་ངའི་བཀའ་འདའ་བར་མི་འགྱུར།
༣༦ ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ལ་ངའི་ཡབ་གཅིག་པུས་མ་གཏོགས། སུས་ཀྱང་མི་ཤེས། ནམ་མཁའི་ཕོ་ཉས་ཀྱང་མི་ཤེས། སྲས་ཀྱིས་ཀྱང་མི་ཤེས་སོ། ༣༧ ནོ་ཨའི་དུས་ལྟར་མིའི་བུ་འབྱོན་པ་དེ་ཡིན་པར་འགྱུར། ༣༨ ཇི་ལྟར་ཆུ་རུད་ལས་སྔོན་དུ་ནོ་ཨ་གྲུའི་ནང་ཞུགས་པའི་ཉིན་མོའི་བར་དུ། མི་རྣམས་ཀྱིས་ཟ། འཐུང་། བག་མ་གཏོང་ལེན་བྱེད་ཅིང་། ༣༩ ཆུ་རུད་ཀྱིས་ཐམས་ཅད་ཁྱེར་བའི་བར་དུ་མ་ཤེས། དེ་ལྟར་མིའི་བུ་འབྱོན་པ་ཡིན་པར་འགྱུར། ༤༠ སྐྱེས་པ་གཉིས་ཞིང་ལ་ཡོད་པ་ལས། གཅིག་འདྲེན་ཞིང་གཅིག་འབོར་བར་འགྱུར། ༤༡ བུད་མེད་གཉིས་ཀྱིས་རང་འཐག་བསྐོར་བ་ལས། གཅིག་འདྲེན་ཞིང་གཅིག་འབོར་བར་འགྱུར་རོ། ༤༢ དེའི་ཕྱིར་ཁྱེད་ཀྱི་གཙོ་བོ་ནམ་འབྱོན་པ་མི་ཤེས་པས། བྱ་ར་བྱོས་ཤིག ༤༣ ཁྱིམ་བདག་གིས་ཐུན་གང་ལ་རྐུན་མ་འོང་བ་ཤེས་པ་ཡིན་ན། མེལ་ཚེ་བྱེད་ཅིང་ཁང་པར་འཛུལ་དུ་མི་འཇུག་པ་ཤེས་ཤིག ༤༤ དེའི་ཕྱིར་ཁྱེད་ཀྱིས་མི་བསམ་པའི་དུས་ཚོད་ལ་མིའི་བུ་འབྱོན་པས། གཅང་བྱོས་ཤིག
༤༥ དུས་ཐོག་འཁོར་གཡོག་ལ་ཁ་ཟས་སྟེར་བར། དཔོན་པོས་བསྐོས་པའི་གཉེར་པ་དྲང་ཞིང་མཁས་པ་སུ་ཡིན། ༤༦ དཔོན་པོ་འོང་སྟེ་དེ་བཞིན་དུ་བྱེད་པར་མཐོང་བའི་གཡོག་པོ་བདེའོ། ༤༧ དེ་ལ་ནོར་ཐམས་ཅད་གཏད་འོང་ཞེས་ངས་བདེན་པར་ཟེར། ༤༨ གཡོག་པོ་ངན་པས་ངའི་དཔོན་པོ་འགོར་འོང་བསམས་ནས། ༤༩ གཡོག་གྲོགས་ལ་རྡུང་ཞིང་། ཆང་འཐུང་དང་འགྲོགས་ཏེ་ཟ་ཞིང་འཐུང་ན། ༥༠ དེས་མི་སེམས་པའི་ཞག་དང་མི་ཤེས་པའི་དུས་ཚོད་ལ་དཔོན་པོ་འོངས་ཏེ། ༥༡ དྲག་ཏུ་བརྡུངས་ནས་དེ་ཚོའི་སྐལ་བ་སྒྱུ་ཟོག་ཅན་དང་མཉམ་དུ་ངུ་འབོད་དང་སོ་ཁྲིག་པ་ཡོད་སར་གཏོང་བར་འགྱུར༎