༢༣
མི་ཚོགས་དང་ཉེ་གནས་རྣམས་ལ་ཡེ་ཤུས་འདི་སྐད་དུ།  མཁན་པོ་དང་ཕ་རུ་ཤི་པ་མོ་ཤེའི་བཞུགས་ཁྲིར་སྡོད་པས།  དེ་ཚོས་ཁྱེད་ལ་སློབ་པ་ཐམས་ཅད་བྱེད་ཅིང་སྲུང་ཞིག འོན་ཀྱང་དེ་ཚོའི་ལས་བཞིན་མ་བྱེད་ཅིག དེ་ཚོས་གང་སྨྲ་བ་ལྟར་མི་བྱེད་དོ།  དེ་རྣམས་ཀྱིས་ཁུར་ལྕི་བ་བསྡམས་ནས་གཞན་གྱི་རྒྱབ་ལ་འགེལ་ཡང་། རང་གིས་མཛུབ་མོ་ཙམ་ཞིག་ཀྱང་རེག་པར་མི་དགའོ།  དེ་ཚོས་རང་གི་ལས་ཐམས་ཅད་ནི། མི་ལ་སྟོན་པའི་ཕྱིར་བྱེད་དོ། རང་གི་སྲུང་བ་ཞེང་ཆེ་བ་དང་། གོས་ཀྱི་ཆ་ག་ཆེན་པོ་བྱེད་དོ།  མགྲོན་ནང་གྲལ་མགོ་དང་ཆོས་ཁང་དུ་ཁྲི་སྟན་མཐོ་བ་དང་།  ཁྲོམ་ལ་ཕྱག་དང་། མི་རྣམས་ཀྱིས་སྟོན་པ་ཟེར་བ་ལ་དེ་ཚོ་དགའོ།  ཁྱེད་ཚོའི་སྟོན་པ་གཅིག་ལགས་པས། ཁྱེད་ཐམས་ཅད་སྤུན་ཡིན། ཁྱེད་ཚོར་སྟོན་པ་ཟེར་བར་མ་འཇུག  ནམ་མཁར་བཞུགས་པ་དེ་ཁྱེད་ཚོའི་ཡབ་གཅིག་ལགས་པས། འཇིག་རྟེན་དུ་སུ་ལའང་ཡབ་མ་ཟེར། ༡༠ མཱ་ཤི་ཀ་ཁྱེད་ཚོའི་དཔོན་པོ་གཅིག་ལགས་པས། ཁྱེད་ཚོར་དཔོན་པོ་ཟེར་བར་མ་འཇུག ༡༡ ཁྱེད་ཚོའི་དབུས་སུ་ཆེ་ཤོས་དེ་ཁྱེད་ཀྱི་ཞབས་ཕྱིར་འགྱུར་དགོས། ༡༢ རང་མཐོ་བར་བྱེད་པ་དེ་དམའ་བར་འགྱུར་འོང་། དམའ་བར་བྱེད་པ་དེ་མཐོ་བར་འགྱུར་འོང་།
༡༣ མཁན་པོ་དང་ཕ་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། མི་རྣམས་ལ་ནམ་མཁའི་རྒྱལ་སྲིད་ཀྱི་སྒོ་བཀག་སྟེ། རང་ཡང་ནང་དུ་མི་འཇུག ནང་དུ་འགྲོ་མཁན་ཡང་འགེགས་སོ༎ ༡༤ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽
༡༥ མཁན་པོ་དང་ཕ་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། མི་གཅིག་སློབ་མར་བྱེད་ཕྱིར་ཁྱོད་ཚོ་སྐམ་མཚོ་གཉིས་ལ་འཁོར་ཞིང་། སློབ་མར་གྱུར་ཟིན་པ་དང་། ཁྱོད་ཚོ་ལས་ཉིས་ལྡབ་ཀྱིས་དམྱལ་བའི་བུར་བྱེད་དོ༎
༡༦ ལམ་སྣ་པ་ལོང་བ་ཁྱོད་ཚོ། སྙིང་རེ་རྗེ། མཆོད་ཁང་མནར་བསྐྱེལ་ན་མི་སྟོ། མཆོད་ཁང་གི་གསེར་མནར་བསྐྱེལ་ན་བསྡམ་མོ་ཞེས་ཁྱོད་ཚོས་ཟེར། ༡༧ གླེན་ཞིང་ལོང་བ་ཁྱོད་ཚོ། གསེར་ཆེ་འམ། གསེར་དམ་པར་བྱེད་པའི་མཆོད་ཁང་ཆེ། ༡༨ མཆོད་ཁྲིའི་མནའ་བསྐྱེལ་ན་མི་སྟོ། དེའི་སྟེང་དུ་ཡོད་པའི་མཆོད་པ་མནར་བསྐྱེལ་ན་བསྡམ་མོ་ཞེས་ཁྱོད་ཚོས་ཟེར། ༡༩ ལོང་བ་ཁྱོད། མཆོད་པ་ཆེའམ། མཆོད་པ་དམ་པར་བྱེད་པའི་མཆོད་ཁྲི་ཆེ། ༢༠ མཆོད་ཁྲིའི་མནའ་བསྐྱེལ་བ་དེས། མཆོད་ཁྲི་དང་དེའི་ཁར་ཡོད་པ་ཐམས་ཅད་མནར་བསྐྱེལ་ལོ། ༢༡ མཆོད་ཁང་མནར་བསྐྱེལ་བ་དེས། མཆོད་ཁང་དང་དེའི་ནང་དུ་བཞུགས་པ་ཁོང་མནར་བསྐྱེལ་ལོ། ༢༢ ནམ་མཁའ་མནར་བསྐྱེལ་བ་དེས། དཀོན་མཆོག་གི་བཞུགས་ཁྲི་དང་དེའི་ཁར་བཞུགས་པ་ཁོང་མནར་བསྐྱེལ་ལོ༎
༢༣ མཁན་པོ་དང་ཕ་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོས་ཕོ་ལོ་ལིང་དང་གོ་སྙོད་དང་ཟི་རའི་བཅུ་ཁག་ཆོས་ཁྲལ་འཇལ་ཡང་། བཀའ་ཁྲིམས་ཀྱི་གལ་ཆེ་བའི་འོས་ཁྲིམས་དང་། སྙིང་རྗེ་དང་། དད་པ་གསུམ་པོ་སྤོང་ངོ་། དེ་སྲུང་ལ་འདི་སྤོང་བར་རིགས་སམ། ༢༤ ལམ་སྣ་པ་ལོང་བ་ཁྱོད་ཚོ། ཁྱོད་ཚོས་སྦྲང་བུ་འཚག་ཅིང་། རྔ་མོང་མིད་དོ༎
༢༥ མཁན་པོ་དང་ཕ་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོས་ཕོར་པ་དང་སྡེར་མའི་ཕྱི་དག་པར་བྱེད་ཀྱང་། ནང་འཕྲོག་ཆོམ་དང་ཚུལ་འཆལ་གྱིས་གང་ནས་འདུག ༢༦ ཕ་རུ་ཤི་པ་ལོང་བ་ཁྱོད་ཚོ། སྔར་ཕོར་པ་དང་སྡེར་མའི་ནང་དག་པར་བྱོས། དེ་ནས་ཕྱི་ལོག་ཀྱང་དག་པར་འགྱུར།
༢༧ མཁན་པོ་དང་ཕ་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོ་ཕྱི་ནས་མཛེས་པོ་མཐོང་ཡང་། ནང་རོ་རུས་དང་ཤིན་ཏུ་མི་གཙང་བས་གང་བར་དཀར་རྩི་བསྐུས་པའི་རོ་ཁང་དང་འདྲའོ། ༢༨ དེ་ལྟར་ཁྱོད་ཚོའང་ཕྱི་ནས་མི་ལ་དྲང་པོ་མཐོང་ཡང་། ནང་ན་ཁ་ཆོས་དང་ཁྲིམས་འཆལ་གྱིས་གང་ངོ་༎
༢༩ མཁན་པོ་དང་ཕ་རུ་ཤི་པ་ཁ་ཆོས་པ་ཁྱོད་ཚོ། སྙིང་རེ་རྗེ། ཁྱོད་ཚོས་ལུང་སྟོན་པ་རྣམས་ཀྱི་སྤུར་ཁང་རྩིག་ཅིང་། དྲང་པོ་རྣམས་ཀྱི་བང་སོ་བརྒྱན་ནས། ༣༠ ཕ་མེས་ཀྱི་དུས་སུ་ང་ཚོ་ཡོད་པ་ཡིན་ན། ལུང་སྟོན་པ་རྣམས་གསོད་པའི་བྱ་བའི་ནང་ང་ཚོ་འདྲེས་མེད་འགྲོ་ཟེར་རོ། ༣༡ དེ་ལྟར་ཁྱོད་ཚོ་ལུང་སྟོན་པ་བསད་མཁན་གྱི་བུ་བརྒྱུད་ཡིན་པའི་དཔང་པོ་བྱེད་དོ། ༣༢ ད་རང་གི་ཕ་མེས་ཀྱི་བྲེ་དེ་གང་ཆུག ༣༣ སྦྲུལ་ཁྱོད་ཚོ། དུག་སྦྲུལ་གྱི་རྒྱུད་ཁྱོད་ཚོ། དམྱལ་བའི་ཆད་པ་ལས་ཁྱོད་ཅི་ལྟར་ཐར་འོང་། ༣༤ དེ་བས་ན་ངས་ཁྱོད་ཚོའི་རྩར་ལུང་སྟོན་པ་དང་། མཁས་པ་དང་། མཁན་པོ་གཏོང་ཡང་། ཁྱོད་ཚོས་ཁ་ཅིག་གསད་འོང་། རྐྱང་ཤིང་ལ་བརྐྱང་འོང་། ཁ་ཅིག་ལ་འདུ་ཁང་ནང་རྟ་ལྕག་གིས་བརྡུང་སྟེ། གྲོང་ཁྱེར་ནས་གྲོང་ཁྱེར་དུ་འདེད་འོང་། ༣༥ དེ་ནི་ཧ་བེལ་དྲང་པོའི་ཁྲག་ནས། གཙང་ཁང་དང་མཆོད་ཁྲིའི་དཀྱིལ་དུ་བསད་པའི་བ་རག་ཡཱའི་བུ་ཟ་ཀར་ཡཱའི་ཁྲག་གི་བར་དུ། སའི་ཁར་ནོངས་མེད་པའི་ཁྲག་ཕོས་པ་ཐམས་ཅད་ཀྱི་ལ་ཡོགས་ཁྱེད་ཚོས་མྱོང་བའི་ཕྱིར་ཡིན། ༣༦ དེ་ཐམས་ཅད་མི་རབས་འདི་ལ་འབབ་འོང་ངས་བདེན་པར་ཟེར།
༣༧ ཡེ་རུ་ཤ་ལེམཡེ་རུ་ཤ་ལེམ། ལུང་སྟོན་པ་བསད་མཁན་དང་། ཁྱོད་རྩར་མངགས་པ་རྡོ་རུབ་ལ་བཏང་མཁན་ཁྱོད། བྱ་མོས་བྱ་ཕྲུག་གཤོག་པའི་འོག་ཏུ་བསྡུ་བ་ལྟར། ལན་ཅི་ཙམ་ངས་ཁྱོད་ཀྱི་ཕྲུ་གུ་རྣམས་བསྡུ་བར་དགའ་ཡང་། ཁྱོད་མ་དགའོ། ༣༨ ཁྱོད་ཀྱི་ཁང་པ་ཁྱོད་ཕྱིར་སྟོངས་པར་འགྱུར། ༣༩ གཙོ་བོའི་མཚན་ནས་བརྗོད་ཅིང་འབྱོན་པ་བཀྲ་ཤིས་ཞེས་ཞུ་བའི་བར་དུ། ཁྱོད་ཀྱིས་ང་མི་མཐོང་ཞེས་ངས་ཟེར་གསུངས་སོ༎