༤
འོན་ཀྱང་ཕྱི་མའི་ཉིན་མོ་རྣམས་སུ་ཡ་ཧོ་ཝཱའི་ཕོ་བྲང་གི་རི་བོ་ནི་རི་བོ་རྣམས་ཀྱི་རྩེ་མོར་དགོད་ཅིང་། རི་ཕྲན་ཀུན་པས་ཡར་གདེགས་པ་དང་། མི་རིགས་རྣམས་དེའི་ཐད་དུ་བརྒྱུག་པར་འགྱུར། ༢ ཡང་མི་བརྒྱུད་མང་པོ་འོང་ཞིང་འདི་སྐད་དུ། ཤོག་ལ། ངེད་ཡར་ཡ་ཧོ་ཝཱའི་རི་བོ་དང་། ཡ་ཀོབ་ཀྱི་དཀོན་མཆོག་གི་ཕོ་བྲང་དུ་འདོང་དང་། ཁོང་གིས་ཉིད་ཀྱི་གཤེགས་ལམ་ངེད་ལ་བསྟན་ཏེ། ངེད་ཁོང་གི་ལམ་རྣམས་སུ་འགྲུལ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཙི་ཨོན་ལས་བཀའ་ཁྲིམས་དང་ཡེ་རུ་ཤ་ལེམ་ནས་ཡ་ཧོ་ཝཱའི་གསུང་འབྱུང་བར་འགྱུར། ༣ ཡང་ཁོང་གིས་མི་བརྒྱུད་དུ་མའི་ནང་ན་ཞལ་ཆེ་གཅད་དེ། ས་ཐག་རིང་པོའི་མི་སྡེ་སྟོབས་ལྡན་བཀའ་བཀྱོན་པར་འགྱུར་བ་དང་། དེ་དག་གིས་རང་གི་རལ་གྲི་ལས་རྨོ་ལྕགས་དང་། མདུང་ལས་ཟོར་བ་བཟོ་བར་བྱ། མི་རྒྱུད་གཅིག་གིས་གཅིག་ལ་རལ་གྲི་མི་སྤར། དེ་མན་ཆད་དམག་ཀྱང་སྦྱོང་བར་མི་འགྱུར་རོ། ༤ འོན་ཀྱང་རེ་རང་གི་རྒུན་ཤིང་གི་ལྐོག་དང་། སེ་ཡབ་ཀྱི་འོག་ཏུ་བསྡད་དེ། སུས་ཀྱང་དེ་དག་འཇིགས་སུ་མི་གཞུག་གོ། དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱའི་ཞལ་ལས་གསུངས་པའི་ཕྱིར་རོ། ༥ གང་ལ་ཞེ་ན། མི་བརྒྱུད་ཀུན་གྱིས་རེ་རང་གི་རྟེན་གྱི་མིང་གི་ནང་དུ་འགྲུལ་བར་བྱའི། ངེད་ཅག་རྒྱུན་ནས་རྒྱུན་དུ་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་མཚན་ནང་འགྲུལ་བར་བྱའོ༎༦ ཡ་ཧོ་ཝཱས་འདི་སྐད་དུ། ཉིན་མོ་དེར་ངས་ཐེང་པོ་རྣམས་འགུག་ཅིང་། བསྐྲད་པར་གྱུར་པ་རྣམས་བསྡུ་བ་དང་། ངས་བཙེས་པ་རྣམས་བསྡུ་བར་བྱའོ། ༧ ངས་ཐེང་པོ་ལུས་སུ་བཅུག་སྟེ། ཐག་རིང་པོར་བསྐྲད་པ་ནི་མི་སྡེ་མཐུ་ལྡན་དུ་འགོད་པར་བྱའོ་གསུང་། ཕྱིན་ཆད་ཡ་ཧོ་ཝཱས་རྟག་ཏུ་རི་བོ་ཙི་ཨོན་དུ་དེ་དག་ལ་སྲིད་མཛད་པར་འགྱུར། ༨ ཀྱེ་ཁྱུ་བོའི་སྤེའུ་དང་། ཙི་ཨོན་གྱི་བུ་མོའི་རི་ཕྲན་ཁྱོད་ལ་འདི་བཞིན་འབྱུང་འོང་། ཞེས་ན་སྔ་མའི་རྒྱལ་སྲིད། འོ་ན། ཡེ་རུ་ཤ་ལེམ་གྱི་བུ་མོའི་རྒྱལ་སྲིད་ཁྱོད་ལ་སླེབ་པར་འགྱུར་རོ༎
༩ ད་ཁྱོད་ཅི་ལ་འོ་དོད་འདོན། ཁྱོད་ནང་རྒྱལ་པོ་གང་ཡང་མེད་དམ། ཁྱོད་ཀྱི་གྲོས་དཔོན་ཤིའམ། ཁྱོད་ལ་བུད་མེད་མངལ་མི་བདེ་བ་ལྟ་བུའི་ཟུག་གཟེར་གྱིས་འཐེབས་པ་ཡིན། ༡༠ ཀྱེ་ཙི་ཨོན་གྱི་བུ་མོ། མནར་བར་གྱུར་ཅིག་དང་། བུད་མེད་མངལ་མི་བདེ་བ་དང་འདྲ་བར་སྐྱེ་གཟེར་ཁྱོད་ལ་འབྱུང་བར་གྱུར་ཅིག དེ་ཅིའི་ཕྱིར་ཞེ་ན། ད་ཁྱོད་གྲོང་ཁྱེར་ལས་ཐོན་ཏེ། ཐང་ལ་གནས་ཤིང་། བཱ་བེལ་གྱི་བར་དུ་འགྲོ་བར་འགྱུར། དེར་ཁྱོད་ཐར་ཞིང་། དགྲ་བོའི་ལག་པ་ལས་ཡ་ཧོ་ཝཱས་ཁྱོད་བསྒྲལ་བར་འགྱུར་རོ། ༡༡ ད་མི་བརྒྱུད་མང་ཙམ་ཁྱོད་ལ་རྒོལ་དུ་འདུས་ཤིང་། དེ་བརླགས་སུ་ཆུག་ལ། ངེད་རང་གི་མིག་གིས་ཙི་ཨོན་ལ་བལྟ་བར་ཤོག་ཅེས་ཟེར། ༡༢ འོན་ཀྱང་དེ་དག་གིས་ཡ་ཧོ་ཝཱའི་མཁྱེན་རྒྱ་ཡང་མི་ཤེས་ཏེ། ཁོང་གི་ཐུགས་བསམ་ཡང་མི་རྟོགས་སོ། དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་དེ་དག་གཡུལ་འཐག་གི་པང་ཁོད་བཞིན་དུ་སྤུངས་པར་མཛད་པའི་ཕྱིར་རོ། ༡༣ ཀྱེ་ཙི་ཨོན་གྱི་བུ་མོ་ལོངས་ལ། ཁྱུ་ཡིས་སྐོར་ཞིག གང་ལ་ཞེ་ན། ངས་ཁྱོད་ཀྱི་རྭ་ཅོ་ལྕགས་དང་རྨིག་པ་རྣམས་ར་གན་དུ་བྱ་བ་དང་། ཁྱོད་ཀྱིས་མི་བརྒྱུད་མང་པོ་དུམ་བུར་བཏུབ་སྟེ། དེ་དག་གི་བཅོམ་ནོར་ཡ་ཧོ་ཝཱ་ལ་བསྔོ་ཞིང་། ས་གཞི་ཐམས་ཅད་ཀྱི་གཙོ་བོ་ལ་དེ་དག་གི་རྒྱུ་ནོར་འབུལ་བར་འགྱུར་རོ༎