༢༥
ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ཀྱེ་མིའི་བུ། ཨམ་མོན་པའི་ཐད་དུ་གདོང་སྒྱུར་ཏེ། དེ་ཚོ་ལ་གནོད་པའི་ལུང་སྟོན་ཞིང་། ༣ ཨམ་མོན་པ་ལ་འདི་ལྟར་སྒོ་བར་གྱིས། ཡ་ཧོ་ཝཱ་དཀོན་མཆོག་གི་བཀའ་ཐོས་པར་བྱོས། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱིས་ངའི་གཙང་ཁང་དེ་བརླགས་ཤིང་། ཨིས་ར་ཨེལ་གྱི་ཡུལ་ཁམས་དེ་སྟོངས་ནས། ཡ་ཧུ་དཱའི་ཕ་སྤད་གཉའ་ཡལ་དུ་ཁྱེར་བའི་དུས་སུ། ཁྱོད་ཀྱིས་དེ་དག་ལ་ཧབ་དགོད་བཏང་བས་ན། ༤ ལྟོས། ངས་ཁྱོད་ཤར་ཕྱོགས་པའི་དབང་དུ་གཏད་དོ། དེ་རྣམས་ཁྱོད་ཀྱི་ནང་དུ་ཕག་ར་བརྩིག་སྟེ། ཁྱོད་ཀྱི་དབུས་སུ་གཞིས་ཕབ་སྟེ། ཁྱོད་ཀྱི་འབྲས་བུ་ཟ་ཞིང་། ཁྱོད་ཀྱི་འོ་མ་བཏུང་བར་འགྱུར། ༥ དེ་ནས་རབ་བཱ་ནི་རྔ་བོང་གི་དང་ར་དང་། ཨམ་མོན་པའི་ཡུལ་ནི་ལྷས་སུ་བྱ། དེ་ནས་ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎༦ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱིས་ལག་བརྡབ་བཏང་སྟེ། བྲོ་ཁྲབ་ནས། ཨིས་ར་ཨེལ་ཡུལ་ལ་ལྟ་སྟེ། རང་གི་འཁོན་སེམས་ཆེན་པོས་བརླམས་ནས། སེམས་འཐད་པ་ཡིན། ༧ དེའི་ཕྱིར་དུ་ད་ལྟོས་དང་། ངས་ཁྱོད་ཀྱི་ཐོག་ཏུ་ཉིད་ཀྱི་ཕྱག་བརྐྱངས་ཏེ། ཁྱོད་ཕྱི་པ་རྣམས་ཀྱི་བཅོམ་ནོར་དུ་སྦྱིན་ཞིང་། ཁྱོད་མི་སྡེ་ལས་སོ་སོར་འཕྲལ་ཏེ། ཡུལ་སོ་སོ་རུ་ཚར་དུ་བཅད་ཅིང་། ངས་ཁྱོད་དགུམ་མོ། དེ་ནས་ཁྱོད་ཀྱིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎
༨ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། མོ་ཨབ་དང་སེ་ཨིར་གཉིས་པོས། ད་ལྟོས་དང་། ཡ་ཧུ་དཱའི་ཕ་སྤད་ཀྱང་གཞན་ཕྱི་པ་ཀུན་དང་འདྲའོ་ཟེར་བས་ན། ༩ ད་ལྟོས་དང་། ངས་མོ་ཨབ་ཀྱི་དཔུང་པའམ། ཡུལ་ཁམས་དེའི་དཔལ་ལགས་པའི་བེད་ཡེ་ཤི་མོད་དང་། བ་ཨཱལ་མེ་ཨོན་དང་། ཁིར་ཡད་ཨ་ཨིམ་བྱ་བའི་གྲོང་ཁྱེར་རྣམས་ཕྱེས་ནས་བཞག་གོ། ༡༠ མི་བརྒྱུད་ཀུན་གྱིས་ཨམ་མོན་པ་དྲན་པར་མི་འགྱུར་བའི་ཕྱིར་དུ། ངས་ཨམ་མོན་པ་རྣམས་ཤར་ཕྱོགས་པ་ལ་བཅོམ་ནོར་དུ་སྦྱིན་ཞིང་། ༡༡ ངས་མོ་ཨབ་ལ་ཡང་ཆད་པས་གཅད་དོ། དེ་ནས་དེ་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎
༡༢ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཨེ་དོམ་གྱིས་ཡ་ཧུ་དཱའི་ཕ་སྤད་ལ་དགྲར་ལངས་ནས། དགྲ་ལན་ལྕི་བ་བཅལ་ཏེ། ནོངས་ཆེ་བ་ཕོག་པས། ༡༣ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཨེ་དོམ་ཐོག་ཏུ་ཕྱག་བརྐྱངས་ནས། ཡུལ་དེའི་མི་དང་དུད་འགྲོ་གཉིས་པོ་ཚར་དུ་གཅོད་ཅིང་། ཐེ་མན་ཚུན་ཆད་སྟོངས་སུ་འཇུག་ཅིང་། དེ་དཱན་གྱི་བར་དུ་རལ་གྲིས་བསྙལ་བར་འགྱུར་ཏེ། ༡༤ ངས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་གྱི་ལག་གིས་ཨེ་དོམ་གྱི་ཐོག་ཏུ་ཁོ་བོའི་དགོངས་ཕོག་འབེབས་པར་བྱ་ཏེ། དེ་དག་གིས་ངའི་ཐུགས་ཁྲོ་དང་ཁྲོ་གཏུམ་ལ་རག་ལས་ནས། ཨེ་དོམ་ནང་བྱེད་པར་འགྱུར། དེ་ལུགས་སུ་དེ་དག་ལ་ངའི་དགྲ་ལན་འཇལ་ཚུལ་དེ་རྟོགས་པར་འགྱུར་ཞེས་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༥ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཡང་ཕེ་ལེ་ཤེད་པས་རང་གི་འཁོན་རྙིང་པའི་ཕྱིར། དེ་མེད་པ་བྱེད་པའི་དོན་དུ། འཁོན་སེམས་བསྐྱེད་དེ། རྟག་ཏུ་སྙིང་འཁོན་གྱིས་དགྲ་ལན་བཅལ་བས་ན། ༡༦ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ལྟོས། ངས་ཕེ་ལེ་ཤེད་པ་རྣམས་ཀྱི་ཐོག་ཏུ་ཉིད་ཀྱི་ཕྱག་གདེང་ཞིང་། ཀེ་རེད་པ་རྣམས་ཚར་དུ་གཅད་ཅིང་། རྒྱ་མཚོའི་འགྲམ་གྱི་ཕྱི་ལུས་ཡང་མེད་པར་བྱ་སྟེ། ༡༧ ངའི་ཁྲོ་གཏུམ་གྱི་དགོངས་ཕོག་གི་ངང་ནས་དེ་དག་ལས་དགྲ་ལེན་ཆེན་པོ་བླང་བར་བྱའོ། ཡང་ངས་དེ་དག་ལ་དགྲ་ལན་འཇལ་བའི་ཚེ་ན། དེ་དག་གིས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎