༢༤
ཡང་སྐྱར་ལོ་དགུ་པའི་ཟླ་བ་བཅུ་པའི་ཚེས་བཅུ་ལ་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ཀྱེ་མིའི་བུ། ཉི་མ་དེ་རིང་ངམ། བཱ་བེལ་རྒྱལ་པོས་ཡེ་རུ་ཤ་ལེམ་ལ་གཡུལ་འགྱེད་པའི་ཉི་མ་འདི་ལ། ཞག་དེའི་མིང་བྲིས་ཏེ་འཇོག་ཅིག
 ཡང་ངོ་ལོག་བྱེད་པའི་མི་བརྒྱུད་ལ་གཏམ་དཔེ་ཞིག་ཟེར་ཞིང་དེ་ཚོ་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ཚོགས་ཟངས་མེ་ལ་ཁོལ། ཁོལ་ཞིག དེའི་ནང་དུ་ཆུ་ཡང་བླུག་ཅིག  དེའི་ལྷུ་རྣམས་སྡུས་ཤིག ལྷུ་ལེགས་ཚད་དང་། དཔྱི་མིག་དང་། སོག་པ་དང་། རུས་པ་ལེགས་པོས་ཟངས་བུ་ཁེངས་སུ་ཆུག་ཅིག  ཁྱུ་ནང་གི་འདམ་མ་བླངས་ཏེ། འོག་ཏུ་ཤིང་སྤུངས་ནས། ལེགས་པར་སྐོལ་ཞིག དེའི་རུས་པ་རྣམས་ཚོས་ཆུག་ཅིག
 དེའི་དོན་དུ་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། མི་ཁྲག་འཕོ་བའི་གྲོང་ཁྱེར་རམ། བཙས་ཟོས་ནས། གཡའ་མ་ཆོད་པའི་ཚོགས་ཟངས་ལ་བཀྲ་མི་ཤིས། རྒྱན་མ་རྒྱབ་པར་ལྷུ་རེ་རེ་བཞིན་ཕྱུང་ཞིག  དེ་ཅིའི་ཕྱིར་ཞེ་ན། དེའི་དཀྱིལ་ན་མིའི་ཁྲག་གདའ། ཐལ་བས་འགེབས་སུ་སའི་ཁར་མ་བླུག་པར་བྲག་རྗེན་གྱི་ཁར་ཕོས་པ་ཡིན།  དེ་ལྟར་དགྲ་ཤ་རྩོད་པ་དང་། ཁྲོ་བ་འབབ་ཏུ་བཅུག་པ་དང་། ཕོས་པའི་ཁྲག་མི་འགེབས་པའི་ཕྱིར། ངས་བྲག་རྗེན་གྱི་ཁར་ཕོས་པ་ཡིན།
 དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། མི་བསད་ཀྱི་གྲོང་ཁྱེར་ལ་བཀྲ་མི་ཤིས། ངས་ཉིད་ཀྱིས་བུད་ཤིང་གི་ཤིང་རགས་སྤུང་བར་བྱ། ༡༠ ཤིང་རགས་སྤུངས་ཤིག མེ་དྲག་པོ་ཐོང་། ཤ་ལེགས་པར་འཚོད་དུ་ཆུག ཤ་ཁུ་སྐ་བ་བྱོས། རུས་པ་རྣམས་འཚིག་ཏུ་ཆུག་ཅིག ༡༡ དེ་ནས་ཚོགས་ཟངས་སྟོང་པར་སོལ་མེའི་ཁར་ཁོལ་ཞིག དེ་ཚ་བར་གྱུར་ཏེ། ར་གན་ཚིག་སྟེ། དེ་ནང་གི་དྲེག་པ་རྣམས་འཇུ་བ་དང་། དེའི་བཙའ་མེད་པར་འགྱུར། ༡༢ དཀའ་ལས་ཀྱིས་ཡི་ཆད་དུ་བཅུག་རུང་། དེའི་ནང་ནས་དྲི་རྒོད་ཕྱི་རོལ་དུ་མི་འབྱུང་བར། མེའི་ནང་དུ་ཡང་དེའི་དྲེག་པ་མི་འབུད་དེ།
༡༣ ཁྱོད་ཀྱི་མི་གཙང་བ་དེ་ནི་འདོད་ཆགས་སོ། ངས་ཁྱོད་གཙང་བར་བྱེད་དུ་འདོད་ཀྱང་། ཁྱོད་གཙང་བར་མ་གྱུར་པས། ཁྱོད་ཀྱི་ཁར་ངའི་ཁྲོ་བ་མ་བབས་པའི་བར་དུ། ངས་ཁྱོད་རང་གི་མི་གཙང་བ་ལས་གཙང་བར་མི་བྱ། ༡༤ ཁོ་བོ་ཡ་ཧོ་ཝཱས་དེ་གསུངས་པས། དེ་བཞིན་དུ་འབྱུང་ཞིང་། ངས་དེ་སྒྲུབ་པར་ཡང་བྱ་སྟེ། ནུར་བར་ཡང་མི་བྱ། ངས་འཕངས་པར་ཡང་མི་བྱ། འགྱོད་ཀྱང་མི་བྱ། ཁྱོད་ཀྱི་ལས་དང་སྤྱོད་པར་བསྟུན་ནས། དེ་ཚོས་ཁྱོད་ཀྱི་ཁྲིམས་གཅད་དོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༥ ཡང་བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༡༦ ཀྱེ་མིའི་བུ། ལྟོས། ཁྱོད་མིག་གིས་སྡུག་པར་འཛིན་པ་དེ། ངས་རྒྱབ་རེས་གཅིག་ན། ཁྱོད་ལས་འཕྲལ་བར་བྱའི། ཁྱོད་ཀྱིས་མྱ་ངན་ཡང་མ་བྱེད། ངུ་ཡང་མ་ངུ་། མཆི་མའང་འཐིགས་པར་མ་གྱུར་ཞིག ༡༧ ཁ་རོག་ཅིང་ཤུགས་རིང་ཕྱུང་ཞིག འོན་གཤིན་པོའི་དོན་དུ་མྱ་ངན་མ་བྱེད་པར། མགོ་ལ་རང་གི་ཐོད་དཀྲིས། རྐང་པ་ལ་རང་གི་ལྷམ་གྱོན་ཞིག ཡ་མཆུ་མ་འགེབས་ཤིག སྡུག་ཟས་ཀྱང་མ་ཟ་ཞིག་གསུངས་པ་བཞིན་དུ།
༡༨ སྔ་དྲོར་བདག་གིས་མི་རྣམས་དང་གཏམ་བྱས་ནས། ཕྱི་དྲོར་བདག་གི་ཆུང་མ་དེ་ཤི་བ་དང་། ནང་པར་བདག་ལ་བཀའ་སྩལ་བ་བཞིན་དུ་བྱས་པ་ཡིན། ༡༩ དེ་ནས་མི་རྣམས་ཀྱིས་བདག་ལ། ཁྱེད་ཀྱིས་བྱེད་པ་དེ་ནི་ང་རྣམས་ལ་ཅིའི་བརྡ་ཡིན། འཆད་པར་མི་བྱའམ་ཞེས་སྨྲས་པ་ལས། ༢༠ དེའི་ལན་དུ་བདག་གིས། བདག་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢༡ ཨིས་ར་ཨེལ་གྱི་མི་བརྒྱུད་ལ་སྨྲོས་ཤིག ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས། ངས་ཁྱོད་ཅག་གི་སྟོབས་ཀྱི་ངོམ་ཤིང་མིག་གིས་སྡུག་པར་འཛིན་པ་དང་། སྙིང་གིས་གཅེས་པར་བཟུང་བའི། ཁོ་བོའི་གཙང་ཁང་དེ་བརླགས་པར་བྱ། ཁྱོད་ཚོས་བསྐྱུར་བཞག་པའི་ཁྱོད་ཀྱི་བུ་དང་བུ་མོ་རྣམས་རལ་གྲིས་རྡབ་པར་འགྱུར། ༢༢ དེ་ནས་ཁྱོད་ཚོས་ངས་བྱས་པ་བཞིན་དུ་བྱ་ཞིང་། ཁྱོད་ཚོས་རང་གི་ཡ་མཆུའང་མི་འགེབས། སྡུག་ཟས་ཀྱང་མི་ཟ་སྟེ། ༢༣ ཁྱོད་ཚོའི་མགོ་ལ་རང་གི་ཐོད་དང་། རྐང་པ་ལ་རང་གི་ལྷམ་གྱོན་ཞིང་། ཁྱོད་ཅག་གིས་མྱ་ངན་མི་བྱ་ཞིང་ངུ་འཛི་མི་བྱ་བར། རང་གི་ཉེས་སྡིག་གི་དོན་དུ་ཉམས་ཐག་ཅིང་། གཅིག་གིས་གཅིག་ལ་ལྟ་ཞིང་ཤུགས་རིང་འབྱིན་པར་འགྱུར། ༢༤ འདི་ལུགས་སུ་ཨེ་ཟེ་ཀི་ཨེལ་ནི་ཁྱོད་ཅག་གི་སྔ་ལྟས་ཡིན་པས། དེས་ཇི་བྱས་ཐམས་ཅད་བཞིན་དུ་ཁྱོད་ཚོས་བྱེད་པར་འགྱུར་ཏེ། དེ་བཞིན་འབྱུང་དུས་སུ། ཁྱོད་ཚོས་ང་ནི་ཡ་ཧོ་ཝཱ་དཀོན་མཆོག་ལགས་པ་རྟོགས་པར་འགྱུར་རོ༎
༢༥ ཡང་ཀྱེ་མིའི་བུ། ལྟོས། གང་ཞག་ལ་ངས་དེ་ཚོའི་སྟོབས་དང་། དེ་དག་གི་ཡིད་མགུ་བའི་དཔལ་དང་། དེ་ཚོའི་མིག་གིས་སྡུག་པར་འཛིན་པར་དང་། སྙིང་ཆགས་ཡོད་པའི། དེ་དག་གི་བུ་དང་བུ་མོ་རྣམས་དེ་དག་ལས་འཕྲལ་བའི་ཞག་ལ། ༢༦ བྲོས་ཤིང་ཐར་མཁན་ཞིག ཉིན་མོ་དེར་ཁྱོད་ཀྱི་རྣ་བར་དེ་འཆད་དུ་འོང་བར་འགྱུར། ༢༧ ཞག་དེར་བྲོས་ནས་བུད་པ་དེ་དང་ལྷན་ཅིག་ཏུ་ཁྱོད་ཀྱི་ཁ་འབྱེ་བར་འགྱུར་ཏེ། ཁྱོད་ཀྱིས་གཏམ་གླེང་ཞིང་ལྐུགས་པར་མི་འགྱུར་བས་ན། ཁྱོད་དེ་དག་གི་སྔ་ལྟས་སུ་འགྱུར་བར་འགྱུར། དེ་ནས་དེ་ཚོས་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎