༤
གསེར་དོག་ཇི་ལྟར་ཡལ་ཏེ་གསེར་བཙོ་མ་ཇི་ལྟར་གྱུར་སོང་། ལམ་མདོ་ཀུན་ཏུ་དམ་པར་བྱས་པའི་རྡོ་རྣམས་དབྱུགས་ནས་ཡོད།༢ གསེར་བཟང་པོ་དང་མཚུངས་པའི་ཙི་ཨོན་གྱི་སྲས་རིན་ཆེན་རྣམས། རྫ་མཁན་ལག་པས་བཅོས་པའི་རྫ་ཁོག་འདྲར་མི་རྣམས་ཀྱིས་རྩི།
༣ ཅེ་སྤྱང་གིས་ཀྱང་ནུ་མ་བཏོན་ཏེ་ཕྲུ་གུར་ནུ་ཞོ་སྣུན། ངའི་མི་སྡེའི་བུ་མོ་ཐང་གའི་བྱ་རྔ་མོང་འདྲར་མི་རློམ།
༤ ཕྲུ་གུ་འོ་འཐུང་གི་ལྕེ་སྐོམ་རིས་དཀན་ལ་འབྱར་གྱི་འདུག བུ་ཆུང་བས་བག་ལེབ་ཞུ་ཡང་སུས་ཀྱང་བཅག་ནས་མི་སྦྱིན།
༥ ཞིམ་ཟས་ལ་ལོངས་སྤྱོད་པ་རྣམས་ལམ་སྲང་ནང་ཉམས་ཐག་པ། མཚལ་ཁ་བསྐོན་ནས་བསྐྱངས་པ་དག་ལུད་ཕུང་ལ་འཁྱུད་པར་བྱེད།
༦ ངའི་མི་སྡེའི་ཉེས་སྡིག་སོ་དོམ་གྱི་ཉེས་སྡིག་ལས་ཆེ་བ་ཡིན། དེ་ནི་སྐད་ཅིག་ཏུ་བརློགས་ནས་མིའི་ལག་པས་མ་རེག་གོ།
༧ དེའི་ཞང་བློན་རྣམས་ཁ་བ་ལས་གཙང་འོ་མ་ལས་དཀར་ཞིང་། ལུས་བྱུ་རུ་བས་དམར་ཞིང་བྱད་གཟུགས་ནི་ལིམ་འདྲ་ཡོད་རུང་།
༨ ད་སོལ་བ་ལས་ནག་པས་སྲང་ནང་དེ་རྣམས་ངོ་མི་ཤེས། པགས་པ་རུས་པར་འབྱར་ཏེ་སྐམས་ནས་དབྱུགས་པ་བཞིན་གྱུར་ཏོ༎
༩ ལྟོགས་པས་འཆི་བ་རྣམས་ལས་རལ་གྲིས་འགུམ་པ་རྣམས་ལེགས་སོ། ཅི་ལ་ཞིང་ནས་ལོ་ཐོག་མི་འབྱུང་མི་རྣམས་སྣད་ཅིང་སྐེམ།
༡༠ བུད་མེད་སྙིང་རྗེ་ཅན་གྱི་ལག་པས་རང་ཕྲུག་རྣམས་བསྐོལ་ཏེ། ངའི་མི་སྡེའི་བུ་མོ་འཇིག་མཚམས་དེ་དག་ཟས་སུ་བྱས་སོ༎
༡༡ ཡཱ་ཝཱེས་ཐུགས་ཁྲོ་ལོངས་བཅུག་སྟེ་ཁྲོ་གཏུམ་དྲག་ཤུལ་དེ་བླུགས། ཙི་ཨོན་ནང་མེ་ཞིག་སྦར་བས་དེས་རྩིག་རྨང་རྣམས་ཟོས་སོ༎
༡༢ ཡེ་རུ་ཤ་ལེམ་རྒྱ་སྒོར་ཕ་རོལ་པ་དང་དགྲ་འཛུལ་བ། སའི་རྒྱལ་པོ་རྣམས་དང་འཇིག་རྟེན་མི་ཀུན་གྱིས་ཡིད་མ་ཆེས།
༡༣ དེའི་རྐྱེན་ནི་མོའི་དཀྱིལ་མི་དྲང་པོའི་ཁྲག་ཕོས་པར་བྱས་པའི། མོའི་ལུང་སྟོན་པའི་ཉེས་པ་དང་དགེ་འདུན་གྱི་མཚམས་མེད་པའོ༎
༡༤ དེ་རྣམས་སྲང་ནང་མདོངས་འདྲར་རྒྱུ་ཞིང་ཁྲག་གིས་བསྒོས་པའི་ཕྱིར། མིས་དེ་དག་གི་གོས་ལ་རེག་མ་ནུས་པར་དེ་དག་ལ།
༡༥ ནུར་སོང་སོང་གྲིབ་ཅན་མ་རེག་ཅེས་མི་རྣམས་ཀྱིས་བོས་སོ། འབྲོས་འཁྱམས་དུས་དེ་དག་འདིར་མི་གནས་མི་བརྒྱུད་རྣམས་ནང་སྨྲས།
༡༦ ཡཱ་ཝཱེའི་ཁྲོས་དེ་དག་སོ་སོར་ཕྲལ་བས་སླར་གཟིགས་མི་འགྱུར། དགེ་འདུན་གྱིས་ངོ་བོར་མ་བཀུར་རྒན་པོ་ལ་ཡང་མ་བརྩིས།
༡༧ ད་དུང་ངེད་རང་ཚོའི་དོན་མེད་ཀྱི་ར་མདར་ལྟ་བཞིན་འཕུང་། ངེད་སྐྱོབ་མི་ནུས་པའི་མི་སྡེར་རང་གི་བསོ་གནས་ལས་བལྟས།
༡༨ རང་གི་སྲང་དུའང་འགྲོ་མི་ནུས་ཕྱིར་ངེད་ཀྱི་གོམ་པར་བདའ། ངེད་བདའ་རན་པས་རྫོགས་པར་ཉེ་སྟེ་ངེད་ཀྱི་ཚེ་ཚད་ཚང་།
༡༩ ངེད་དེད་མཁན་རྣམས་གནམ་གྱི་བྱ་རྒོད་པས་ཀྱང་མྱུར་པོ་སྟེ། དེ་དག་གིས་ངེད་ཅག་རིར་དེད་ནས་འབྲོག་སྟོང་ནང་འཇབ་བསྡད།
༢༠ ང་ཚོའི་སྣའི་དབུགས་ཡཱ་ཝཱེའི་བྱུགས་པ་དེ་དོང་ནང་ཁྱེར་བྱུང་། ཁོང་བསིལ་གྲིབ་ནང་ཕྱི་པའི་ཁྲོད་གསོན་འོང་ངེད་ཀྱིས་སྨྲས་སོ༎
༢༡ ཨུས་ཡུལ་ནང་གནས་པའི་ཨེ་དོམ་གྱི་བུ་མོ་དགའ་མགུ་ཞིག ཕོར་པ་ཁྱོད་ལའང་སླེབ་ཅིང་ཁྱོད་བཟིས་ཏེ་རང་སྒྲེན་མོར་བྱ།
༢༢ ཀྱེ་ཙི་ཨོན་གྱི་བུ་མོ་ཁྱོད་ཀྱི་ཉེས་པའི་ཆད་པ་རྫོགས། ཕྱིན་ཆད་ཁོང་གིས་སླར་ཁྱོད་བཙོན་དུ་ཕར་འཁྱེར་བར་མི་འགྱུར། ཀྱེ་ཨེ་དོམ་གྱི་བུ་མོ་ཁོང་གིས་ཁྱོད་ཀྱི་ཉེས་སྡིག་རྣམས་མངོན་དུ་འབྱིན་པར་འགྱུར་རོ༎