༥༨
ཅིའང་མ་འཛེམ་པར་ཀུ་ཐེག་ཅིག རྒྱ་དུང་ལྟ་བུར་སྒྲ་འདེགས་པར་བྱོས། ངའི་འབངས་ལ་དེ་དག་གི་མཚམས་མེད་པ་དང་། ཡ་ཀོབ་ཀྱི་ཁྱིམ་ལ་དེའི་ཉེས་སྐྱོན་རྣམས་སྟོན་ཞིག ༢ དྲང་བ་ཉིད་ལ་སྤྱད་པའི་རང་གི་དཀོན་མཆོག་གི་ཚུལ་ཁྲིམས་རྣམས་མ་དོར་བའི་མི་སྡེ་དང་འདྲ་བར། དེ་དག་གིས་ད་དུང་ཡང་ཉིན་རེ་བཞིན་ང་འཚོལ་ཞིང་། ངའི་ལམ་རྣམས་ངོ་འཕྲོད་དུ་འདོད། ང་ལས་ཁྲིམས་དྲང་པོའི་ཚུལ་ཁྲིམས་ཞུ། དཀོན་མཆོག་དང་ཉེ་རུ་དགའོ། ༣ དེ་དག་གིས། ངེད་ཅག་གི་སྨྱུང་གནས་བསྲུངས་ནའང་། ཁྱེད་ཀྱིས་ཅི་ལ་མི་མཐོང་། ངེད་ཅག་གིས་རང་གི་སྲོག་ལ་དཀའ་བ་སྤྱད་ནའང་། ཁྱེད་དེ་མི་ཤེས་སོ་ཟེར། ལྟོས་དང་། ཁྱོད་སྨྱུང་བའི་ཉིན་པར་རང་ལས་ནང་གཡེང་སྟེ། རང་གི་ལས་མི་ཀུན་ལ་ལས་མང་བྱེད་དུ་འཇུག ༤ ལྟོས་ཤིག དབྱེན་པ་དང་། འཁྲབ་པ་དང་། གདུག་པ་ཅན་གྱི་ཁུ་ཚུར་རྒྱབ་པའི་དོན་དུ་ཁྱོད་ཀྱིས་སྨྱུང་གནས་སྲུང་། ཁྱོད་ཅག་གི་སྒྲ་མཐོ་སར་ཐོས་མི་ནུས་པའི་དེ་རིང་དང་འདྲ་བའི་སྨྱུང་གནས་སྲུང་བའི་མི་རིགས་སོ། ༥ མིས་རང་སྲོག་ལ་དགའ་བ་སྤྱད་པའམ། འདམ་བུ་ལྟར་རང་གི་མགོ་དགུར་བ་དང་། རྩ་ཕད་དང་གོག་ཐལ་གྱི་སྟན་འདིང་བའི་ཞག་འདི་ང་མགུ་བའི་སྨྱུང་གནས་ཤིག་ཡིན་ནམ། འདི་ལ་ཁྱོད་ཀྱིས་སྨྱུང་གནས་དང་། ཡ་ཧོ་ཝཱའི་ཐུགས་སུ་འབྱོན་པའི་ཉིན་མོའོ་སྨྲ་བར་བྱའམ། ༦ སེམས་ངན་གྱི་ལྕགས་སྒྲོག་སྒྲོལ་བ་དང་། གཉའ་ཤིང་གི་བཀྱིག་ཐག་སྒྲོལ་བ་དང་། ཁ་དམན་དག་ཐར་དུ་འཇུག་པ་དང་། གཉའ་ཤིང་ཐམས་ཅད་གཅོག་པ་འདི་ནི་ང་མགུ་བའི་སྨྱུང་གནས་མ་ཡིན་ནམ། ༧ བཀྲེས་པར་རང་གི་ལྟོ་སྦྱིན་པ་དང་། འཁྱམ་པོ་དབུལ་པོ་རང་ཁྱིམ་དུ་འདྲེན་པ་དང་། གཅེར་བུ་ཞིག་མཐོང་བའི་ཚེ་དེ་ལ་གོས་སྐོན་པ་དང་། རང་གི་ཤ་ཁྲག་ལས་རང་གདོང་མི་སྦ་བ་ཡང་དེ་མིན་ནམ།༨ དེ་ནས་ཁྱོད་ཀྱི་འོད་ཐོ་རངས་ལྟར་འཕྲོ་ཞིང་། ཁྱོད་ཀྱི་འཚོ་ཁམས་མྱུར་རུ་ཡར་སྐྱེད་དེ། ཁྱོད་ཀྱི་དྲང་བ་ཉིད་རང་གི་མདུན་དུ་འགྲོ་ཞིང་། ཡ་ཧོ་ཝཱའི་དཔལ་ནི་ཁྱོད་ཀྱི་རྒྱབ་རྟེན་དུ་འགྱུར་བར་འགྱུར། ༩ དེ་ནས་ཁྱོད་ཀྱིས་འབོད་པ་ལ་ཡ་ཧོ་ཝཱས་བཀའ་ལན་གནང་བར་བྱ། ཁྱོད་ཀྱི་འོ་དོད་ལ། ཁོང་གིས་ང་འདི་ཀར་ཡོད་ཅེས་གསུང་བར་འགྱུར། ཇི་སྟེ་ཁྱོད་ཀྱིས་རང་གི་དཀྱིལ་ལས་གཉའ་ཤིང་དང་། མཛུབ་མོ་འཛུག་པ་དང་། གཏམ་ངན་འབད་པ་གསུམ་པོ་སྤང་བར་བྱེད་ཅིང་། ༡༠ ཁྱོད་ཀྱིས་ལྟོགས་པ་ཅན་ལ་ཁྱོད་ཀྱི་སེམས་མགུ་བ་དེ་བཏང་སྟེ། སྡུག་ཕོངས་པའི་སྙིང་ཚིམ་དུ་འཇུག་ན། ཁྱོད་ཀྱི་འོད་མུན་པའི་ནང་ནས་ཤར་ཏེ། ཁྱོད་ཀྱི་མུན་པ་ནི་ཉིན་གུང་ལྟར་འགྱུར་བར་འགྱུར། ༡༡ དེ་ནས་ཡ་ཧོ་ཝཱས་རྟག་ཏུ་ཁྱོད་ཀྱི་ལམ་སྣ་མཛད་དེ། ལོ་ཉེས་པའི་དུས་སུའང་ཁྱོད་ཀྱི་སེམས་ཚིམ་པར་བྱས་ཏེ། ཁྱོད་ཀྱི་རུས་པ་རྣམས་སྟོབས་ཅན་བྱའོ། དེ་ནས་ཁྱོད་ནི་ཆུ་མོད་ཀྱི་སྐྱེད་ཚལ་ལྟ་བུའམ། ཆུ་མི་ཟད་པའི་ཆུ་མིག་ལྟ་བུར་འགྱུར་བར་འགྱུར། ༡༢ ཡང་ཁྱོད་ཀྱི་ཡིན་པའི་མི་རྣམས་ཀྱིས་སྔ་མའི་ཁང་གོག་རྣམས་རྩིག་ཅིང་། མི་རབས་མང་པོར་སྟོངས་ནས་ལུས་པའི་རྩིག་རྨང་རྣམས་ཁྱོད་ཀྱིས་འགྲོངས་པར་བྱ། ཡང་ཁྱོད་ལ་གས་ཆག་གི་ཞིག་སོས་པ་དང་། ཡུལ་འཛུགས་པའི་ལམ་བཟོ་མཁན་ཞེས་པའི་མིང་འདོགས་པར་འགྱུར་རོ༎
༡༣ ཇི་སྟེ་ཤབ་བཱད་ལས་རང་གི་རྐང་པ་བཟློགས་ཏེ་ངའི་ཞག་དམ་པར་རང་གི་འདོད་པ་བཞིན་མ་སྤྱོད་པར། ཤབ་བཱད་ལ་ཡིད་དུ་འོང་བ་དང་། ཡ་ཧོ་ཝཱའི་དམ་པ་ལ་བཀུར་འོས་པ་ཟེར་ཞིང་། དེ་ལ་བཀུར་སྟི་བྱེད་ཅིང་། རང་གི་ལས་སྟབས་མི་བྱེད་པར། རང་གི་འདོད་པའི་བྱ་བར་ཡང་མི་འཇུག་སྟེ། གཏམ་ཡང་མ་འབད་ན། ༡༤ དེ་ནས་ཁྱོད་ཡ་ཧོ་ཝཱའི་ནང་ན་དགའ་མགུ་ཞིང་། ངས་ཁྱོད་ས་ཆེན་པོའི་ས་ཆ་མཐོན་པོ་རྣམས་ཀྱི་ཁར་བསྐྱོན་ཏེ། ཁྱོད་ཀྱི་ཕ་ཡ་ཀོབ་ཀྱི་ནོར་སྐལ་ལས་འཚོ་བ་སྦྱོར་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཉིད་ཀྱི་ཞལ་ནས་བཀའ་འདི་གསུངས་པའི་ཕྱིར་རོ༎