༢༣
འགོ་དཔོན་བཅས་ཁ་ཟས་ཟ་བར་སྡོད་དུས་སུ། ཁྱོད་ཀྱི་མདུན་དུ་ཡོད་པ་ལ་ལེགས་པར་ལྟོས། ༢ ཡང་ཁྱོད་མི་གྲོད་པོ་ཆེ་ཡིན་ན། རང་གི་སྐེ་ལ་གྲི་འཇོག་ཅིག ༣ དེ་ནི་མགོ་བསྐོར་གྱི་ཁ་ཟས་ཡིན་པས། ཁ་ཟས་ཞིམ་པོ་དེ་ལ་གདུང་བ་མ་བྱེད་ཅིག༤ ཕྱུག་པོར་འགྱུར་དུ་འབད་རྩོལ་མ་བྱེད་པར། རང་གི་ཤེས་རྒྱ་དེ་དོར་ཞིག ༥ རང་གི་མིག་དེ་ཡོད་མེད་པས་གཡེངས་པར་བྱའམ། བྱ་རྒོད་ལྟར་གནམ་ཕྱོགས་སུ་འཕུར་འགྲོ་བའི་ཤོག་པ་རྣམས་ནོར་གྱིས་འདོགས་པར་འགྱུར་བར་ངེས་སོ༎
༦ མིག་ཕྲ་བའི་བག་ལེབ་ཀྱང་མ་ཟ། དེའི་ཁ་ཟས་ཞིམ་པོ་ལ་གདུང་བ་མ་བྱེད་ཅིག ༧ དེ་ཅིའི་ཕྱིར་ཞེ་ན། དེའི་ཁོག་པས་སེམས་པ་ནང་བཞིན་དེ་རང་ཡང་ལགས་ཏེ། དེས་ཁྱོད་ལ་ཟོ་ཟོ་འཐུང་འཐུང་ཟེར་ཡང་། ཁོའི་སྙིང་ཁྱོད་ཀྱི་ཕྱོགས་སུ་མེད། ༨ ཁྱོད་ཀྱིས་ཟོས་པའི་ཁམ་ཚད་ནི་སྐྱུག་ཅིང་། རང་གི་ཚིག་སྙན་པོ་སྟོར་བར་འགྱུར།
༩ བླུན་པོའི་རྣ་བར་གཏམ་མ་ཟེར། ཟེར་ན། ཁྱོད་ཀྱི་རིག་གནས་ཀྱི་གཏམ་ལ་བརྙས་པར་བྱ།
༡༠ སྔ་མའི་ཞིང་གི་རྟགས་རྣམས་མ་ཐེན། ཕ་མེད་རྣམས་ཀྱི་ཞིང་ལ་མ་ཞུགས་ཤིག ༡༡ གང་ལ་ཞེ་ན། དེ་དག་གི་སྒྲོལ་མཛད་དེ་མཐུ་སྟོབས་ཆེ་བས། དེ་དག་གི་རྒྱུ་རྐྱེན་ཕྱིར་ཁོང་གིས་ཁྱོད་དང་འཁྲབ་པར་འགྱུར།
༡༢ ཞལ་གདམས་ལ་སྙིང་འབུངས་ཤིག རིག་པའི་གཏམ་ལ་རྣ་བ་ཐུད།
༡༣ ཕྲུ་གུ་འཇུན་དུ་ཕྱི་འཐེན་མ་བྱེད་ཅིག ཁྱོད་ཀྱིས་དབྱུག་པས་རྡུང་ན། ཁོ་འཆི་བར་མི་འགྱུར། ༡༤ ཇི་སྟེ་འཁར་བས་དེ་ལ་རྡེག་ན། དེའི་སེམས་དམྱལ་བ་ལས་སྒྲོལ་བར་འགྱུར།
༡༥ ངའི་བུ་གལ་ཏེ་ཁྱོད་ཀྱི་སྙིང་མཁས་པར་གྱུར་ན། ཁོ་བོ་བདག་གི་སེམས་དགའ་བར་འགྱུར། ༡༦ ཡང་ཁྱོད་ཀྱི་མཆུས་བདེན་ཚིག་ལབ་དུས་སུ། ངའི་ཁལ་མ་རྣམས་ཡི་རང་བར་འགྱུར།
༡༧ རང་སྙིང་གིས་སྡིག་ཅན་ལ་ཕྲག་དོག་མ་སྐྱེད་ཅིག ཉིན་ཐོག་ཐག་ཡ་ཧོ་ཝཱའི་འཇིགས་པའི་ནང་དུ་སྡོད་ཅིག ༡༨ དེ་ཅིའི་ཕྱིར་ཞེ་ན། བྱ་དགའ་ཞིག་ཡོད་པར་ངེས་པས། ཁྱེད་ཀྱི་རེ་ཐག་ཆད་པར་མི་འགྱུར།
༡༩ ངའི་བུ། ཚུར་ལ་ཉན་ཅིང་མཁས་པ་བྱེད་ཅིག་དང་། རང་གི་སྙིང་ལམ་ནང་ཁྲིད་ཅིག ༢༠ ཆང་འཐུང་རྣམས་དང་མ་སྡོངས་ཤིག ཤ་ཟ་མཁན་གྲོད་པོ་ཆེ་རྣམས་དང་མ་འགྲོགས་ཤིག ༢༡ གང་ལ་ཞེ་ན། ཆང་འཐུང་དང་གྲོད་པོ་ཆེ་རྣམས་དབུལ་བར་འགྱུར་ཞིང་། གཉིད་རྨུགས་ཅན་གོས་ཧྲུལ་གྱོན་པར་འགྱུར།
༢༢ ཁྱོད་སྐྱེད་པར་བྱས་པའི་ཕའི་གཏམ་ལ་ཉོན། རང་གི་མ་བགྲེས་དུས་སུ་ཁྱད་དུ་མ་སོད་ཅིག ༢༣ བདེན་པ་ཉོའི། མ་ཚོང་ཞིག དེ་མ་ཟད། ཤེས་རབ་དང་། མན་ངག་དང་། བློ་གྲོས་ཀྱང་ཉོས་ཤིག ༢༤ མི་དྲང་པོའི་ཕ་དེ་རབ་ཏུ་དགའ་མགུ་ཞིང་། བུ་མཁས་པ་བསྐྱེད་པ་ཡི་རང་བར་འགྱུར། ༢༥ ཕ་མའི་སེམས་བསོད་དུ་ཆུག ཁྱོད་མངལ་དུ་འཁུར་མཁན་བློ་བདེ་རུ་ཆུག
༢༦ ངའི་བུ། ཁྱོད་ཀྱི་སྙིང་ང་ལ་ཐོང་དང་། ངའི་ལམ་རྣམས་ཁྱོད་ཀྱི་མིག་ལ་རན་པར་ཤོག་ཅིག ༢༧ གང་ལྟར་ཞེ་ན། སྨད་ཚོང་མ་ཞིག་ས་དོང་གཏིང་རིང་ཡིན། མོ་ཡན་ཁྲོན་པ་ཀུ་དོག་པོ་ཞིག་ཡིན། ༢༨ ཇག་པ་བཞིན་དུ་མོ་འཇབ་སྟེ། མིའི་ནང་དུ་ཞབས་འདྲེན་རྣམས་འཕེལ་དུ་འཇུག
༢༩ ཆོ་ངེས་བྱེད་པ་སུ་ཡོད། འཚེར་མཁན་སུ་ཡོད། འཁྲུག་པ་བྱེད་པ་སུ་ཡོད། ངན་བརྗོད་གཏོང་མཁན་སུ་ཡོད། དོན་མེད་དུ་རྨས་པར་འགྱུར་པ་སུ་ཡོད། མིག་དམར་ཆེར་ཡོད་པ་ག་རེ་ཟེར་ན། ༣༠ ཡུན་རིང་རྒུན་ཆང་འཐུང་བ་དང་། སྨེད་པའི་རྒུན་ཆང་འཚོལ་དུ་འགྲོ་མཁན་རྣམས་སོ། ༣༡ རྒུན་ཆང་དམར་ཞིང་། ཕོར་པའི་ནང་དུ་དེས་མདོག་བསྟན་དུས་དང་། དེ་འཇམ་ནུད་དེར་ཐུར་དུ་འབབ་དུས་སུ་དེ་ལ་མ་ལྟ་ཞིག ༣༢ མཐར་དེས་སྦྲུལ་ལྟར་འཐམ་ཞིང་། དུག་སྤྲུལ་ལྟར་དུ་མདུང་རྒྱབ་བོ། ༣༣ དེ་ནས་ཁྱོད་ཀྱི་མིག་གིས་མི་འདྲ་བ་ཞིག་མཐོང་ཞིང་། ཁྱོད་ཀྱི་སྙིང་གིས་གོ་ལོག་གི་གཏམ་ཟེར་བར་འགྱུར། ༣༤ དེ་མ་ཟད་རྒྱ་མཚོའི་དཀྱིལ་དུ་ཉལ་བ་ལྟ་བུའམ། དར་ཤིང་གི་རྩེ་ལ་ཉལ་བ་ལྟ་བུར་འགྱུར་བར་འགྱུར། ༣༥ དེ་ནས་ཁྱོད་ཀྱིས་དེ་དག་གིས་ང་ལ་བརྡུངས་ཀྱང་། ཟུག་མ་བྱུང་། ང་ལ་བརྡེགས་ནས་ཀྱང་མ་ཚོར། བདག་གི་གཉིད་ནམ་བསངས་པར་འགྱུར། ད་དུང་ཡང་ངས་དེ་འཚོལ་བར་བྱའོ། ཞེས་སྨྲ་བར་འགྱུར་རོ༎