༡༣༥
༡-༢ ཡཱ་ཝཱེའི་ཁྱིམ་དང་ངེད་ཀྱི་དཀོན་མཆོག་གི། ཁྱིམ་གྱི་ཁྱམས་རྣམས་ནང་དུ་འགྲེང་རྣམས་ཀྱིས། ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་། ཡ་ཧོ་ཝཱ་ཡི་མཚན་ལ་བསྟོད་པར་གྱིས། ཁྱེད་ཀྱེ་ཡཱ་ཝཱེའི་བྲན་རྣམས་ཁོང་ལ་སྟོད།༣ ཡཱ་ཝཱེ་བཟང་བས་ཡཱ་ཝཱེར་སྟོད་ཁོང་གི། མཚན་ལ་བསྟོད་དབྱངས་འབུལ་བ་ཡིད་འོང་ལགས།
༤ ཡཱ་ཝཱེས་ཉིད་ཕྱིར་ཡ་ཀོབ་དང་ཁོང་གི། ཁྱད་མཚར་ནོར་ཕྱིར་ཨིས་ར་ཨེལ་འདམས་མཛད།
༥ ཡཱ་ཝཱེ་ཆེན་པོ་ཡིན་པ་ངས་ཤེས་ཏེ། ལྷ་ནི་ཀུན་པས་ངེད་ཀྱི་གཙོ་བོ་འཕགས།
༦ གནམ་ས་རྒྱ་མཚོ་དང་ནི་གཏིང་ཀུན་ནང་། ཡཱ་ཝཱེས་ཅི་དགྱེས་པ་དེ་མཛད་པ་ཡིན།
༧ ཁོང་གི་ས་མཐའ་རྣམས་ནས་རླངས་པ་སློང་། ཆར་ཆུ་ཕྱིར་དུ་གློག་རྣམས་འཁྱུག་པར་མཛད། ཁོང་གི་གཏེར་ནས་རླུང་དྲག་འདོན་པར་མཛད།
༨ མི་སེར་གྱི་ནི་མི་དང་ཕྱུགས་གཉིས་པོའི། སྔོན་སྐྱེས་རྣམས་ནི་ཁོང་གིས་བསད་པ་ཡིན།
༩ ཀྱེ་ཀྱེ་མི་སེར་ཁྱོད་ཀྱི་དཀྱིལ་ཁོང་གིས། ཕར་ཨོ་དང་དེའི་འཁོར་གཡོག་ཀུན་གྱི་ཐོག ལྟས་དང་ངོ་མཚར་རྨད་བྱུང་རྣམས་གནང་མཛད།
༡༠ ཁོང་གིས་མི་བརྒྱུད་མང་པོར་བརྡེགས་མཛད་དེ། ཁོང་གིས་རྒྱལ་པོ་ཤུགས་ཅན་རྣམས་བསད་དོ༎
༡༡ ཨ་མོར་པ་ཡི་རྒྱལ་པོ་སི་ཧོན་དང་། བཱ་ཤན་ཡུལ་གྱི་རྒྱལ་པོ་ཨོག་དང་ནི། ཀ་ན་ཨན་གྱི་རྒྱལ་སྲིད་ཐམས་ཅད་དོ༎
༡༢ དེ་ཚོའི་ཡུལ་ས་སྐལ་དུ་གནང་ཉིད་ཀྱི། མི་སྡེ་ཨིས་ར་ཨེལ་ནོར་སྐལ་དུ་གནང་།
༡༣ ཀྱེ་ཡ་ཧོ་ཝཱ་ཁྱེད་མཚན་གཏན་དུ་གནས། ཁྱེད་ཡཱ་ཝཱེའི་ཕྱག་རྗེས་མི་རབས་ཀུན་ཏུ་གནས།
༡༤ ཡཱ་ཝཱེས་ཉིད་ཀྱི་མི་སྡེའི་གཤགས་མཛད་ཅིང་། ཁོང་གི་འབངས་ཕྱིར་ཐུགས་འགྱོད་མཛད་པར་འགྱུར།
༡༥ མི་བརྒྱུད་རྣམས་ཀྱི་སྐུ་འདྲ་གསེར་དངུལ་ཡིན། དེ་ནི་མི་ཡི་ལག་པའི་བཟོ་ལས་ཡིན།
༡༦ དེ་རྣམས་ཁ་ནི་ཡོད་ཀྱང་གཏམ་མི་ལབ། མིག་རྣམས་ཡོད་ཀྱང་མཐོང་བར་མི་བྱེད་དོ༎
༡༧ དེ་རྣམས་རྣ་བ་ཡོད་ཀྱང་མི་ཐོས་སོ། ཁ་ཡི་ནང་དུ་དབུགས་ཀྱང་མི་འདུག་གོ།
༡༨ དེ་རྣམས་བཟོ་བར་བྱེད་མཁན་དང་དེ་ཚོར། མོས་མཁན་རྣམས་ཀྱང་དེ་དག་འདྲར་འགྱུར་འོང་།
༡༩ ཨིས་ར་ཨེལ་ཁྱིམ་ཡཱ་ཝཱེར་བཀྲ་ཤིས་རྗོད། ཨ་རོན་ཁྱིམ་ཁྱེད་ཡཱ་ཝཱེར་བཀྲ་ཤིས་རྗོད།
༢༠ ལེ་ཝིའི་ཁྱིམ་ཁྱེད་ཡཱ་ཝཱེར་བཀྲ་ཤིས་རྗོད། ཡཱ་ཝཱེར་འཇིགས་མཁན་ཡཱ་ཝཱེར་བཀྲ་ཤིས་རྗོད།
༢༡ ཡེ་རུ་ཤ་ལེམ་ནང་དུ་བཞུགས་མཛད་པའི། ཡཱ་ཝཱེར་ཙི་ཨོན་ནང་ནས་བཀྲ་ཤིས་རྗོད། ཡ་ཧོ་ཝཱ་ལ་བསྟོད་པར་གྱིས་ཤིག་ཨང་༎