གསུང་མགུར་གྱི་མདོ་ལྔ་པ།
༡༠༧
ཡཱ་ཝཱེ་བཟང་ཞིང་ཁོང་གི་ཐུགས་རྗེ་ནི། དུས་རྒྱུན་གནས་པས་ཁོང་ལ་གཏང་རག་ཕུལ།༢ དེ་ལྟར་ཡཱ་ཝཱེས་བསྒྲལ་བ་རྣམས་ཀྱིས་ཞུས། གང་རྣམས་དེ་དག་ལག་ནས་བླུས་མཛད་དེ།
༣ ཤར་ནུབ་ལྷོ་བྱང་ཡུལ་ནས་དེ་དག་བསྡུས།
༤ འབྲོག་སྟོང་བྱེ་ཐང་ལམ་ནང་ལམ་སྟོར་ཏེ། གནས་པའི་གྲོང་ཁྱེར་གང་ཡང་མ་བརྙེད་པར།
༥ ལྟོགས་ཤིང་སྐོམ་ཞིང་དེ་ཚོའི་སེམས་བརྒྱལ་བས།
༦ སྡུག་བསྔལ་ནང་ནས་ཡཱ་ཝཱེའི་འོ་དོད་བོས། ཁོང་གིས་དེ་དག་སྡུག་བསྔལ་རྣམས་ལས་བསྐྱབས།
༧ གནས་རྒྱུའི་གྲོང་ཁྱེར་ཞིག་ཏུ་ཕྱིན་པའི་ཕྱིར། ཁོང་གིས་དེ་རྣམས་ལམ་དྲང་པོ་ལས་ཁྲིད།
༨ སྐོམ་པའི་སེམས་ཚིམ་འཇུག་ཅིང་ལྟོགས་མཁན་གྱི། སེམས་ནི་ལེགས་པར་འགྲང་བར་མཛད་པས་ན།
༩ ཡཱ་ཝཱེའི་བཟང་བ་ཉིད་དང་མིའི་བུ་ཚོར། མཛད་པའི་ངོ་མཚར་རྣམས་ཕྱིར་བསྟོད་ན་ལེགས།
༡༠ གང་གི་ཞེས་ན་མུན་པ་དང་འཆི་བའི། གྲིབ་ནང་བསྡད་ཡོད་མཁན་དང་སྡུག་བསྔལ་དང་། ལྕགས་ཀྱི་སྒྲོག་གིས་བཅིང་ཡོད་པ་རྣམས་སོ༎
༡༡ དེ་ནི་དཀོན་མཆོག་བཀའ་རྣམས་བཟློགས་པ་དང་། བླ་མེད་ཞལ་གདམས་རྩིས་མེད་བྱས་པའི་ལན།
༡༢ དེའི་ཕྱིར་དཀའ་བའི་ལས་ཀྱིས་དེ་ཚོའི་སྙིང་། འུ་ཐུག་བཅུག་པས་དེ་རྣམས་གྱེལ་སོང་ཡང་། ར་མདའ་བྱེད་མཁན་སུ་ཡང་མེད་པ་དང་།
༡༣ རང་སེམས་བརྡུགས་ནས་ཡཱ་ཝཱེར་འོ་དོད་བོས། ཁོང་གིས་དེ་རྣམས་སྡུག་བསྔལ་རྣམས་ལས་བསྐྱབས།
༡༤ འཆི་བའི་གྲིབ་མ་དང་ནི་མུན་པ་ལས། བཏོན་ཏེ་སྒྲོག་རྣམས་ཁོང་གིས་སིལ་བུར་བཅག
༡༥ ཡཱ་ཝཱེའི་བཟང་བ་ཉིད་དང་མིའི་བུ་ཚོར། མཛད་པའི་ངོ་མཚར་རྣམས་ཕྱིར་བསྟོད་ན་ལེགས།
༡༦ རག་གི་རྟ་སྒོ་བཅག་སྟེ་ལྕགས་ཀྱི་ནི། ཨར་ཤིང་རྣམས་ནི་ཁོང་གིས་བཅག་ཕྱིར་རོ༎
༡༧ གླེན་པའི་མི་རྣམས་རང་གི་འགལ་སྐྱོན་དང་། ལས་ངན་རྣམས་ཀྱི་རྐྱེན་གྱིས་སྡུག་བསྔལ་མྱོང་།
༡༨ ཁ་ཟས་ཀུན་ལ་དེ་ཚོའི་སེམས་ཁམས་ལོག འཆི་བའི་སྒོ་རྣམས་ཉེ་བར་སླེབ་པ་ལས།
༡༩ སྡུག་བསྔལ་ནང་ནས་ཡཱ་ཝཱེར་འབོད་པ་དང་། ཁོང་གིས་དེ་རྣམས་སྡུག་བསྔལ་རྣམས་ལས་བསྐྱབས།
༢༠ བཀའ་གནང་མཛད་ཅིང་དེ་ཚོའི་ནད་གསོ་ཞིང་། དེ་རྣམས་སྟོངས་པར་འགྱུར་བ་ལས་སྒྲོལ་ལོ༎
༢༡ ཡཱ་ཝཱེའི་བཟང་བ་ཉིད་དང་མི་བུ་ཚོར། མཛད་པའི་ངོ་མཚར་རྣམས་ཕྱིར་བསྟོད་ན་ལེགས།
༢༢ གཏང་རག་མཆོད་པ་ཕུལ་ཞིག་གླུ་ལེན་ཞིང་། ཁོང་གི་ཕྲིན་ལས་རྣམས་ནི་འཆད་པར་བྱོས།
༢༣ གྲུ་གཟིངས་རྣམས་ནང་རྒྱ་མཚོར་འགྲོ་མཁན་དང་། ཆུ་ཆེན་རྣམས་ནང་ཉོ་འཚོང་བྱེད་མཁན་གྱིས།
༢༤ རྒྱ་མཚོར་ཡཱ་ཝཱེའི་མཛད་པ་དང་ཁོང་གི། ངོ་མཚར་རྣམས་ནི་མཐོང་ངོ་ཇི་ལྟར་ན།
༢༥ ཁོང་གིས་བཀའ་སྩལ་མཛད་ཅིང་རྦ་རླབས་རྣམས། གྱེན་དུ་སློང་བའི་རླུང་དྲག་རྒྱུག་འཇུག་པས།
༢༦ གནམ་ཐུག་འཛེགས་ཤིང་གཏིང་དུ་འབབ་པས་ན། ཉོན་མོངས་རྐྱེན་གྱིས་དེ་ཚོའི་སེམས་འཇུ་འགྲོ།
༢༧ རས་བཟིས་མི་ལྟར་འཁྱོར་ཞིང་དྲན་པ་སྟོར།
༢༨ སྡུག་བསྔལ་ནང་ནས་ཡཱ་ཝཱེར་འབོད་པ་དང་། ཁོང་གིས་དེ་རྣམས་སྡུག་བསྔལ་རྣམས་ལས་བསྐྱབས།
༢༩ རླུང་དམར་ཞི་བཅུག་མཛད་པས་རྦ་རླབས་འབབ།
༣༠ ཐིང་འཇམ་གྱུར་པས་སེམས་ནི་དགའ་གྱུར་ཞིང་། དམིགས་པའི་གྲུ་འཛིན་གནས་སུ་སྐྱེལ་བར་མཛད།
༣༡ ཡཱ་ཝཱེའི་བཟང་བ་ཉིད་དང་མིའི་བུ་ཚོར། མཛད་པའི་ངོ་མཚར་རྣམས་ཕྱིར་བསྟོད་ན་ལེགས།
༣༢ དེ་ཚོས་མི་སྡེའི་ཚོགས་ནང་ཁོང་སྟོད་ཅིག རྒན་རབས་འདུན་ཚོགས་ནང་དུ་ཁོང་སྔོགས་ཤིག
༣༣ ཁོང་གིས་གཙང་པོ་རྣམས་ནི་ཐང་སྟོང་མཛད། ཆུ་མིག་རྣམས་ནི་སྐམ་སར་འགྱུར་དུ་འཇུག
༣༤ སྐྱིད་ཡུལ་མི་རྣམས་ངན་པ་ཡིན་པའི་ཕྱིར། དེ་ནི་ཁོང་གིས་བ་ཚྭ་ཐང་དུ་མཛད།
༣༥ ཁོང་གིས་འབྲོག་སྟོང་ལྟེང་ཀར་འགྱུར་འཇུག་ཅིང་། སྐམ་ས་ཆུ་མིག་རྣམས་ལ་འགྱུར་འཇུག་ཅིང་།
༣༦ དེ་རུ་ལྟོགས་མཁན་ཅི་ལ་འཇུག་ཅེ་ན། གནས་རྒྱུའི་གྲོང་ཁྱེར་ཞིག་དེར་བཅོས་པ་དང་།
༣༧ ཞིང་རྣམས་རྨོ་ཞིང་རྒུན་ཚལ་འཛུག་པ་དང་། འཕེལ་གྱི་ལོ་ཐོག་དེ་ཚོར་རྙེད་ཕྱིར་རོ༎
༣༨ བྱིན་རླབས་མཛད་ཅིང་དེ་རྣམས་འཕེལ་འཇུག་སྟེ། དེ་ཚོའི་དུད་འགྲོའང་ཁོང་གིས་འབྲི་མི་འཇུག
༣༩ མགོ་ནོན་སྡུག་བསྔལ་སེམས་སྡུག་གིས་རྐྱེན་ཏེ། སླར་ཡང་དེ་དག་འབྲི་ཞིང་འཁུམ་ནས་འགྲོ།
༤༠ ཁོང་གིས་སྐུ་དྲག་རྣམས་སྟེང་དམའ་འབེབས་བླུག ལམ་མེད་ཐང་སྟོང་རྒྱུ་རུ་འཇུག་མཛད་ཀྱང་།
༤༡ དབུལ་པོ་སྡུག་ལས་སྒྲོལ་ཞིང་མཐོ་སར་འཇོག དེ་ཡི་བུ་བརྒྱུད་ལུག་ཁྱུ་ལྟ་བུར་མཛད།
༤༢ དེ་མི་དྲང་པོས་མཐོང་ནས་དགའ་བར་འགྱུར། སྡིག་སྤྱོད་རྣམས་ཀྱི་ཁ་དེ་ལྐུགས་པར་འགྱུར།
༤༣ མཁས་པ་ཡིན་པས་འདི་ལ་ཡིད་གཞུང་ཞིང་། ཡཱ་ཝཱེའི་བཀའ་དྲིན་རྣམས་ལ་བསམ་བློ་བྱ༎