གསུང་མགུར་གྱི་མདོ་བཞི་པ།
དཀོན་མཆོག་གི་སྐྱེས་བུ་མོ་ཤེའི་གསོལ་འདེབས་ནི།
༩༠
ཀྱེ་གཙོ་བོ་མི་རབས་ནས་མི་རབས་སུ། ངེད་ཀྱི་སྐྱབས་གནས་ཁྱེད་ཉིད་ནི་ཡོད་པ་ཡིན།
 རི་མ་སྐྱེས་སྔོན་དུའམ་ས་ཆེན་དང་། འཇིག་རྟེན་ནི་ཁྱེད་ཉིད་ཀྱིས་མ་བཀོད་གོང་། ཐོག་མ་ནས་མཐའ་མར་ཁྱེད་དཀོན་མཆོག་ལགས།
 ཁྱེད་ཀྱིས་མི་ཐལ་བ་རུ་འགྱུར་འཇུག་མཛད། ཡང་ཀྱེ་མིའི་བུ་གུ་རྣམས་ལོག་ཤོག་གསུང་།
 ཁྱེད་གཟིགས་ངོར་ལོ་ངོ་ནི་སྟོང་ཕྲག་ཅིག འདས་པའི་མདང་མཚན་གྱི་ཐུན་གཅིག་འདྲ།
 ཆུ་ལོག་གིས་ཁྱེར་བ་འདྲར་ཁྱེད་དེ་རྣམས། ཁྱེར་མཛད་པས་དེ་རྣམས་ནི་གཉིད་ཐུམ་འདྲ། དེ་སྔ་དྲོར་སྐྱེས་པ་ཡི་རྩྭ་དང་འདྲ།
 དེ་སྔ་དྲོར་སྔོ་འབོལ་ཞིང་ཆེར་སྐྱེ་སྟེ། དེ་ཕྱི་དྲོ་བཅད་གྱུར་ནས་རྙིད་ན་འགྲོ།
 ཁྱེད་ཐུགས་ཁྲོས་རྐྱེན་བྱས་ཏེ་ངེད་རྣམས་རྫོགས། ཁྱེད་ཁོང་ཁྲོས་ངེད་ཅག་ནི་མནར་དུ་བཅུག
 ཁྱེད་ངེད་ཀྱི་ལས་ངན་རྣམས་ཞལ་ངོར་བཞག སྦས་སྡིག་རྣམས་ཞལ་རས་ཀྱི་འོད་ནང་བཞག
 ཁྱེད་ཐུགས་ཁྲོའི་ནང་ངེད་ཀྱི་ཚེ་གང་འདས། ངེད་མི་ཚེ་ཤུགས་ནར་ཞིག་ལྟ་བུར་འདས།
༡༠ ངེད་རང་གི་ཚེའི་ལོ་གྲངས་བདུན་ཅུའམ། རེམ་གྱུར་ན་བརྒྱད་ཅུ་ཡི་བར་དུ་འཚོ། དེ་ཡང་ནི་མྱུར་འགྲོ་ཞིང་ངེད་འཕུར་འགྲོ། དཀའ་ལས་དང་སྡུག་བསྔལ་ལས་དེའི་དཔལ་ཅི།
༡༡ ཁྱེད་ལ་འཇིགས་འོས་བཞིན་ཁྱེད་ཐུགས་ཁྲོ་དང་། ཁྱེད་ཐུགས་ཁྲོའི་མཐུ་སྟོབས་ནི་སུ་ཡིས་ཤེས།
༡༢ ཤེས་རབ་ཀྱི་སྙིང་ངེད་ལ་ཐོབ་པའི་ཕྱིར། ངེད་ཅག་ལ་རང་གི་ཞག་རྩི་གྲངས་སློབ།
༡༣ ཀྱེ་ཡཱ་ཝཱེ་མ་འགོར་བར་ཚུར་གདན་འཁོར། ཁྱེད་ཉིད་ཀྱི་བྲན་རྣམས་ཕྱིར་ཐུགས་འགྱོད་ཤོག
༡༤ ངེད་ཚེ་གང་དགའ་འགྱུར་ཞིང་སྐྱིད་པའི་ཕྱིར། སྔ་དྲོ་དེ་ཁྱེད་ཐུགས་རྗེས་ངེད་ཚིམ་ཆུག
༡༥ ཞག་ཅི་ཙམ་ངེད་རྣམས་ལ་སྡུག་བསྔལ་བསྟེར། ལོ་ཅི་ཙམ་ངེད་རྣམས་ཀྱིས་སྡུག་བསྔལ་མཐོང་། དེ་ཙམ་གྱི་ངེད་རྣམས་ལ་སྐྱིད་པོ་གནོང་།
༡༦ ཁྱེད་མཛད་པ་ཁྱེད་བྲན་དང་དེ་ཚོ་ཡི། བུ་རྣམས་ལ་ཁྱེད་ཀྱི་ནི་གཟི་བྱིན་སྟོན།
༡༧ ངེད་ཐམས་ཅད་ཀྱི་དཀོན་མཆོག་གཙོ་བོ་ཡི། བྱམས་བརྩེ་ནི་ངེད་སྟེང་དུ་བཞུགས་པར་ཤོག ངེད་ཀྱི་ཕྱིར་ངེད་ལག་ལས་འཇགས་འཇུག་མཛོད། འོ་ན་ངེད་ལག་ལས་རྣམས་འཇགས་འཇུག་མཛོད༎