དབུ་མཛད་ལ་ཀོ་རཱའི་བུ་རྣམས་ཀྱིས་མ་ཧ་ལཱད་ལེ་ཨན་ནོད་ཀྱི་དབྱངས་ནང་ཨེས་ར་ཧི་པ་ཧེ་མཱན་གྱི་མཱས་ཀིལ་གྱི་མགུར་མའི་གསུང་མགུར་ཞིག་ནི།
༨༨
བདག་སྐྱོབ་མཛད་ཀྱི་དཀོན་མཆོག་ཀྱེ་ཡཱ་ཝཱེ། བདག་གིས་ཉིན་མཚན་མེད་པར་ཁྱེད་དྲུང་བོས།༢ ངའི་སེམས་སྡུག་བསྔལ་གྱིས་གང་ང་ཡི་སྲོག གཤིན་ཡུལ་དང་ནི་ཐག་ཉེར་སླེབ་གྱུར་པས།
༣ ཁྱེད་དྲུང་ང་ཡི་སྨོན་ལམ་སླེབ་པར་ཤོག ངའི་འོ་དོད་ལ་ཁྱེད་ཀྱི་སྙན་གཏོད་ཅིག
༤ དུར་ནང་འབབ་མཁན་མིའི་ཁྲོད་ངས་བརྩིས་བྱུང་། ང་ནི་བྱ་ཐབས་ཟད་པའི་མི་དང་འདྲ།
༥ ཁྱེད་ཀྱི་ཕྱག་གིས་བཅད་དེ་ཕྱིན་ཆད་དུ། ཁྱེད་ཀྱི་ཐུགས་ཀྱིས་དྲན་པར་མི་མཛད་པའི། བསད་ནས་དུར་ཁུང་ནང་ན་ཉལ་འདྲ་བར། གཤིན་པོའི་ཁྲོད་དུ་སྐྱུར་བར་མཛད་བྱུང་ངོ་༎
༦ ཁྱེད་ཀྱིས་གཏིང་ཟབ་ཡང་དོང་མུན་ནག་གནས། གཤིན་ཁམས་མཐིལ་དུ་ང་ནི་བཞག་པ་མཛད།
༧ ངའི་ཐོག་ཁྱེད་ཀྱི་ཐུགས་ཁྲོ་རབ་ཏུ་ལྕི། ཁྱེད་ཀྱི་རྦ་རླབས་ཀུན་གྱིས་ང་མནར་རོ༎
༨ ཁྱེད་ཀྱིས་ངའི་ངོ་ཤེས་རྣམས་ང་ལས་ཕྲལ། ཁྱེད་ཀྱིས་དེ་ཚོར་ང་ནི་ཞེན་ལོག་མཛད། ནང་དུ་བཀར་བས་ཕྱི་རོལ་འཐོན་མི་ཐུབ།
༩ སྡུག་བསྔལ་དབང་གིས་ངའི་མིག་སྒྲིབ་ཀྱིན་འགྲོ། ཉིན་རེར་ཁྱེད་ལ་ངས་བོས་ཀྱེ་ཡཱ་ཝཱེ། ཁྱེད་ཕྱོགས་ང་ཡིས་ལག་པ་བཏིང་བ་ཡིན།
༡༠ གཤིན་པོར་ཁྱེད་ཀྱིས་ངོ་མཚར་བསྟན་བྱ་འམ། ཤི་མཁན་ལང་ཞིང་ཁྱེད་ལ་བསྟོད་འགྱུར་རམ། [སེ་ལཱ།]
༡༡ དུར་ནང་ཁྱེད་ཀྱི་བྱམས་གཟིགས་དང་དམྱལ་བའི། ནང་དུ་ཁྱེད་ཀྱི་ཐུགས་དྲང་འཆད་འགྱུར་རམ།
༡༢ མུན་ཁྲོད་ཁྱེད་ཀྱི་ངོ་མཚར་དང་རྗེད་པའི། ཁམས་ནང་ཁྱེད་ཀྱིས་དྲང་ལུགས་རྟོགས་འགྱུར་རམ།
༡༣ འོན་ཀྱང་ཡཱ་ཝཱེ་ཁྱེད་ལ་ངས་བོས་པས། སྔ་དྲོ་ཁྱེད་དྲུང་ངའི་སྨོན་ལམ་སླེབ་འོང་།
༡༤ ཡཱ་ཝཱེ་ཁྱེད་ཀྱིས་ངའི་སེམས་ཅི་ལ་དབྱུགས། ང་ལས་ཁྱེད་ཀྱི་ཞལ་གདོང་ཅི་ལ་སྦེད།
༡༥ ཆུང་ངུ་ནས་ང་སྡུག་ཅིང་འཆིར་ཉེ་ཞིང་། ཁྱེད་ཀྱི་འཇིགས་པས་ང་ཡི་དྲན་པ་སྟོར།
༡༦ ཁྱེད་ཀྱི་ཐུགས་ཁྲོ་དྲག་པོ་ངའི་ཐོག་བབས། ཁྱེད་ཀྱི་ཐུགས་ཁྲོས་ང་ནི་མེད་པར་བྱས།
༡༧ ཆུ་ལྟར་དེ་ཚོས་ཉིན་གང་ངའི་མཐའ་བསྐོར། ཀུན་ནས་དེ་ཚོས་ང་ནི་དགར་བར་བྱས།
༡༨ ཁྱེད་ཀྱིས་མཛའ་བྱེད་གྲོགས་པོ་རྣམས་ང་ལས། ཕྲལ་ཏེ་མུན་ཁྲོད་ངའི་ངོ་ཤེས་རྣམས་བཞག།