དབུ་མཛད་ལ་ཀོ་རཱའི་བུ་རྣམས་ཀྱི་གསུང་མགུར་ཞིག་ནི།
༤༩
མི་སྡེ་ཚང་མས་གཏམ་འདི་གསན་པར་མཛོད། རྣ་བ་བླགས་ཤིག་འཇིག་རྟེན་སྐྱེས་ལྡན་ཀུན།
 མཆོག་དམན་གཉིས་དང་ཕྱུག་དབུལ་བཅས་གསན་འཚལ།
 ངའི་ཁས་ཤེས་རབ་གཏམ་རྣམས་གླེང་བར་བྱ། སྙིང་གི་དམིགས་རིམ་དོན་ཟབ་ཡོད་པར་བྱ།
 གཏམ་དཔེ་ཞིག་ལ་བདག་གིས་རྣ་བ་གཏད། སྒྲ་སྙན་ནང་ངའི་གབ་ཚིག་སྟོན་པར་བྱ།
 ང་ལ་བདའ་མཁན་ངན་པས་སྐོར་བའི་དུས། ཅི་ལ་བར་ཆད་ཞག་ང་འཇིགས་པར་འགྱུར།
 དེ་ཚོས་ནོར་ལ་བློ་གཏོད་ནོར་ཕྱུག་ངོམ།
 ཅིས་ཀྱང་དེ་ཚོས་སྤུན་ཞིག་སྒྲོལ་མི་ཐུབ། དཀོན་མཆོག་ལ་དེའི་བླུ་རིན་འབུལ་མི་ཐུབ།
༨-༩ དུས་རྒྱུན་གསོན་ཞིང་དུར་ཁུང་མི་མཐོང་ཕྱིར། དེ་ཚོའི་སེམས་ཉིད་སྒྲོལ་བའི་རིན་ཆེ་བས། དུས་རྒྱུན་མ་འཇལ་བར་ནི་ལུས་པར་འགྱུར།
༡༠ མི་དེས་མཁས་པ་འཆི་ཞིང་གླེན་པ་དང་། བྱོལ་སོང་འདྲ་བ་མཉམ་དུ་འཇིག་པ་དང་། རྒྱུ་ནོར་གཞན་གྱི་ཕྱིར་དུ་འཇོག་པ་མཐོང་།
༡༡ སྙིང་ནང་རང་གི་ཁང་པ་དུས་རྒྱུན་དང་། ཁྱིམ་ནི་མི་རབས་ཀུན་ཏུ་གནས་འོང་སེམས། ཡུལ་ལ་རང་གི་མིང་ཡང་འདོགས་པར་བྱེད།
༡༢ འོན་ཀྱང་མི་ཡི་ཞེ་ས་མི་གནས་ཤིང་། དེ་དག་འཆི་བའི་དུད་འགྲོ་ལྟ་བུ་སྟེ།
༡༣ དེ་ཚོའི་ལུགས་འདི་གླེན་པ་ཡིན་ན་ཡང་། རྗེས་འབྱུང་མི་རྣམས་དེ་ཚོའི་གཏམ་ལ་དགའ། [སེ་ལཱ།]
༡༤ དེ་རྣམས་གཤིན་ཡུལ་ཁྱུ་ལྟར་བརྩིས་པ་ཡིན། འཆི་བས་དེ་རྣམས་རྫི་བོ་བྱེད་པར་འགྱུར། སྔ་དྲོ་དེ་ཚོར་ཆོས་དྲང་མིས་སྲིད་བྱ། གནས་ས་མེད་སྟབས་དུར་གྱིས་བྱད་འཁྱེར་འོང་།
༡༥ འོན་ང་དཀོན་མཆོག་གིས་ནི་བསྣམས་འགྱུར་བས། ངའི་སེམས་གཤིན་ཁམས་དབང་དུ་གནང་མི་འགྱུར།
༡༦ སུ་གང་ཕྱུག་པོར་འགྱུར་བའི་དུས་སུ་དང་། དེ་ཡི་ཁང་པར་ཟིལ་འཕེལ་དུས་མ་འཇིགས།
༡༧ འཆི་དུས་ཅི་ཡང་ཁོ་ཡིས་འཁྱེར་མི་འོང་། ཟིལ་ཡང་ཁོ་ཡི་རྗེས་མི་འབྲང་བས་སོ༎
༡༨ གསོན་རིང་རང་སེམས་ལ་ནི་ཤིས་བརྗོད་ཅིང་། རང་ལ་ལེགས་པར་བྱེད་དུས་མིས་བསྟོད་རུང་།
༡༩ རང་གི་བརྒྱུད་གཅིག་མེས་པོའི་ཁྲོད་འགྲོ་ཞིང་། འོད་ནི་དེ་ཚོས་ནམ་ཡང་མཐོང་མི་འགྱུར།
༢༠ ཞེ་ས་ཡོད་ཀྱང་བློ་གྲོས་མེད་པའི་མི། མི་རྟག་པ་ཡི་བྱོལ་སོང་འདྲ་བ་ཡིན༎