༤༠
ཡ་ཧོ་ཝཱས་ལྷག་པར་ཡང་ཡོབ་ལ་བཀའ་ལན་གནང་སྟེ་འདི་སྐད་གསུངས་པ།  སྙད་འདོགས་མིས་ཀུན་དབང་ལ་འཛིང་འགྱུར་རམ། དཀོན་མཆོག་ལ་རྩོད་མཁན་གྱིས་ད་ལན་ཐོང་།
 ཡོབ་ཀྱིས་ཡ་ཧོ་ཝཱ་ལ་ལན་དུ་ཞུས་པ།
 གཟིགས་བདག་ཅང་མིན་ལགས་པས་ལན་ཅི་ཞུ། ངས་རང་གི་ཁར་ལག་པ་འགེབས་པར་བྱ།  ཐེངས་ཅིག་ཞུས་མོད་ད་ཞུ་ལན་མི་འབུལ། ཐེངས་གཉིས་ཞུས་རུང་ཕྱིན་ཆད་ངས་མི་ཞུ།
 དེ་ནས་ཡ་ཧོ་ཝཱས་སྐོར་རླུང་གི་ནང་ནས་ཡོབ་ལ་བཀའ་ལན་གནང་སྟེ་འདི་སྐད་གསུངས་པ།
 ད་སྐྱེས་པའི་ཚུལ་རང་གི་སྐ་རགས་སྡོམ། ཁོ་བོས་འདྲི་འོང་ཁྱོད་ཀྱིས་ང་ལ་ཤོད།  ཁོ་བོའི་བཀས་བཅད་མེད་པར་བྱེད་འདོད་དམ། ཁྱོད་རང་དྲང་ཕྱིར་ཁོ་བོར་སྐྱོན་འདོགས་སམ།  ཁྱོད་ལ་དཀོན་མཆོག་ལྟ་བུའི་ཕྱག་ཡོད་དམ། ཁོང་འདྲར་ཁྱོད་སྐད་ཀྱིས་འབྲུག་ལྡིར་ནུས་སམ། ༡༠ ད་ཁྱོད་ཆེ་བ་དང་གོ་འཕང་གིས་སྤྲོས། ལྷན་ནེ་བ་དང་མཛེས་པས་གཡོག་པར་བྱོས། ༡༡ ད་ཁྱོད་རང་གི་ཁྲོ་གཏུམ་བླུག་པར་བྱོས། བསྙེམས་པ་ཀུན་ལ་ལྟོས་ལ་ཆམ་ལ་ཕོབ། ༡༢ རློམས་པོ་ཀུན་ལ་ལྟོས་ལ་དམན་སར་ཕོབ། སྡིག་སྤྱོད་དེ་རང་གནས་སུ་རྡོག་པས་རྫིས། ༡༣ དེ་རྣམས་ལྷན་ཅིག་རྡུལ་ནང་གབ་པར་བྱོས། ག་རེ་གསང་བར་དེ་དག་གི་གདོང་སྡོམ། ༡༤ དེ་ནས་ཁྱོད་ཀྱི་ལག་གཡས་པས་ཁྱོད་རང་། སྐྱོབ་ནུས་པར་ཁོ་བོས་ཀྱང་ཁས་ལེན་འོང་།
༡༥ ངས་ཁྱོད་མཉམ་བཀོད་པའི་བེ་ཧེ་མོད་ལ། ད་ལྟོས་དེས་གླང་ལྟར་རྩྭ་ཟ་བར་བྱེད། ༡༦ ད་ལྟོས་དེ་ཡི་མཐུ་ནི་ཀློང་ནང་གདའ། གྲོད་པའི་ལྟེ་བར་དེ་ཡི་ཤུགས་ཡོད་དེ། ༡༧ ཤུག་ཤིང་ལྟར་དུ་རང་གི་རྔ་མ་དབྱུག དཔྱིའི་ཆུ་རྒྱུས་གཅིག་དང་གཅིག་འཁྲིལ་ཞིང་འབྲེལ། ༡༨ རྐང་རུས་རྣམས་ཀྱང་རག་གི་དོང་མོ་འདྲ། རྩིབ་མ་རྣམས་ནི་ལྕགས་ཀྱི་གདུང་མ་འདྲ། ༡༩ དཀོན་མཆོག་ལམ་གྱི་ནང་ན་འདི་ནི་མཆོག དེའི་མཛད་པོས་དེ་ལ་རལ་གྲི་རྒྱབ་ནུས། ༢༠ རི་དྭགས་ཐམས་ཅད་དཀྱུ་བའི་རི་རྣམས་ནང་། འདིའི་དོན་དུ་རྩྭ་སྐྱེ་བར་བདེན་ལགས་སོ། ༢༡ པད་མའི་ཤིང་ལྐོག་དང་འདམ་ཐང་དང་འདམ། ནང་ཕག་ཏུ་འགྲེ་ལྡོག་རྩེད་པར་བྱེད། ༢༢ པད་མའི་སྐྱེ་ཤིང་བསིལ་གྱིས་ཁོ་སྒྲིབ་ཅིང་། གྲོག་པོའི་ལྕང་ཤིང་དག་གིས་མཐའ་ནས་སྐོར། ༢༣ ལྟོས་ཤིག་གཙང་ཆུ་འཕེལ་བས་ཁོ་མི་འཇིགས། དེའི་ཁ་མཚམས་ཡོར་དན་འཕེལ་ཡང་མི་འདར། ༢༤ སུས་དེ་མཐོང་དུས་འཛིན་ནུས་སམ་ཡང་ན། ཞགས་པས་འཛིན་ཞིང་དེའི་སྣ་འབིགས་ནུས་སམ༎