༣༨
དེ་ནས་ཡ་ཧོ་ཝཱས་སྐོར་རླུང་གི་ནས་ཡོབ་ལ་བཀའ་ལན་གནང་ཞིང་གསུངས་པ།  ཤེས་རབ་དང་བྲལ་བའི་གཏམ་གླེང་རྣམས་ཀྱིས། གྲོས་གཏམ་མུན་པར་བྱེད་མཁན་འདི་སུ་ཡིན།  ད་སྐྱེས་པའི་ཚུལ་དུ་སྐེ་རགས་དཀྲིས་ཤིག ཁོ་བོས་འདྲི་བར་ཁྱོད་ཀྱིས་ལན་ཐོབ་ཅིག
 བློ་གྲོས་ཡོད་ན་ཁོ་བོས་ས་གཞིའི་རྨང་། བཏིང་དུས་ཁྱོད་རང་གར་ཡོད་པ་ཡིན་ཤོད།  དེའི་ཚད་སུས་བྱས་ཁྱོད་ལ་ཆ་ཡོད་དམ། ཡང་ན་དེ་ལ་ཐིག་སྐུད་སུ་ཡིས་བརྒྱབ།  ཅི་ཡི་ཐོག་ཏུ་དེ་ཡི་རྨང་རྣམས་བཙུགས། ཡང་ན་དེ་ཡི་ཟུར་རྡོ་སུ་ཡིས་བཞག  ཐོ་རངས་སྐར་རྣམས་འགྲོགས་ནས་དབྱངས་ལེན་ཞིང་། དཀོན་མཆོག་གི་སྲས་ཀུན་དགའ་བའི་སྐད་བསྒྲགས།
 མངལ་ལས་འཐོན་པ་ལྟར་རྒྱ་མཚོ་རྡོལ་དུས། སྒོ་རྣམས་ཀྱིས་དེ་སུ་ཡིས་བཀག་པ་ཡིན།  ཁོ་བོས་དེ་ཡི་གོས་སུ་སྤྲིན་བྱས་ཤིང་། དེ་ཡི་སྐ་རག་མུན་སྟུག་བྱས་པའི་དུས། ༡༠ ཁོ་བོས་དེ་ལ་ས་མཚམས་ཤིག་བཙུགས་ཏེ། སྒོ་གཏན་རྣམས་དང་སྒོ་མོ་རྣམས་བཏགས་ཏེ། ༡༡ འདི་ཐུག་འོང་ཆོག་གི་འཐལ་བར་མི་འགྱུར། འདིར་ཁྱོད་རྦ་ཀློང་ང་རྒྱལ་འཆག་འོང་གསུངས།
༡༢ ཁྱོད་ཚེ་ནང་ཐོ་རངས་ལ་བཀའ་བཀོད་ཅིང་། སྐྱ་འོད་ལ་དེ་རང་གི་གནས་བསྟན་ནམ། ༡༣ ས་ལས་སྡིག་སྤྱོད་རྣམས་སྤྲུག་པར་བྱ་ཕྱིར། ས་མཐའ་རྣམས་ཀྱི་བར་དུ་འདིས་འཛིན་ནོ། ༡༤ བང་རྒྱའི་འོག་ཏུ་འཇིམ་པ་འགྱུར་འདྲ་བར། དངོས་པོ་ཐམས་ཅད་གོས་དང་འདྲ་བར་སྡོད། ༡༥ དེ་ལྟར་སྡིག་སྤྱོད་རྣམས་ཀྱི་འོད་སོད་ཅིག ཕྲག་ངར་མཐོ་བ་རྣམས་ཀྱང་གཅག་པར་མཛད།
༡༦ རྒྱ་མཚོའི་འབྱུང་གནས་རྣམས་སུ་ཁྱོད་བསྙེན་ཏམ། ཡང་ན་གཏིང་ཟབ་མཐིལ་དུ་ཕྱིན་ལགས་སམ། ༡༧ འཆི་བའི་སྒོ་རྣམས་ཁྱོད་ལ་གྲོལ་གྱུར་ཏམ། ཡང་ན་འཆི་གྲིབ་སྒོ་རྣམས་མཐོང་ལགས་སམ། ༡༨ ས་གཞིའི་དཀྱུས་དེ་ཁྱོད་ཀྱིས་མཐོང་ལགས་སམ། འདི་ཀུན་ཁྱེད་ཀྱིས་ཤེས་ན་ད་ཤོད་ཅིག
༡༩ འོད་ཀྱི་ཁྱིམ་གྱི་ལམ་དེ་ག་ན་ཡོད། མུན་པ་དེ་ཡི་གནས་ཚང་ག་ན་ཡོད། ༢༠ དེའི་དོན་ཁྱོད་ཀྱིས་དེ་ཡི་ཚད་སྐྱེལ་ཞིང་། ཁྱིམ་དེར་འགྲོ་བའི་ལམ་རྣམས་རྟོགས་ཕྱིར་རོ། ༢༡ ཁྱོད་ཀྱི་ཚེ་ཡི་ལོ་གྲངས་ཆེ་བས་ན། དེའི་དུས་ཁྱོད་སྐྱེས་ཡོད་པས་དེ་ཤེས་ངེས།
༢༢ ཁ་བའི་གཏེར་ཁ་རྣམས་སུ་ཁྱོད་བསླེབ་བམ། ཡང་ན་སེར་བའི་བང་མཛོད་རྣམས་མཐོང་ངམ། ༢༣ དེ་དག་ཁོ་བོས་སྡུག་བསྔལ་དུས་ཚོད་དང་། དམག་དང་འཐབ་མོའི་ཞག་ཕྱིར་བསྲིས་བོར་ཡོད།
༢༤ ས་གཞིའི་སྟེང་དུ་ཤར་རླུང་ཅི་ལྟར་འགྲེམ། གང་ལུགས་སུ་འོད་ལ་བགོ་བཤའ་བརྒྱབ་འདུག ༢༥ ཐང་སྟོང་དང་ས་སྟོང་ངོམ་པར་བྱེད་བྱེད་ཅིང་། རྩྭ་ལ་མེ་ཏོག་འབར་བར་བྱེད་པ་ལ། ༢༦ མི་མེད་པའི་ས་ཆ་དང་མི་མེད་པའི། འབྲོག་སྟོང་ནང་དུ་ཆར་པ་འབེབས་པའི་ཕྱིར། ༢༧ ཆུ་རུད་རྣམས་ཕྱིར་སུས་མ་ཡུར་བཏོན་ལགས། འབྲུག་གི་གློག་ཕྱིར་སུས་ལམ་བཤམས་པ་ལགས།
༢༨ ཆར་པ་ལ་ཕ་ཞིག་ཡོད་དམ་ཡང་ན། ཟིལ་པའི་ཐིགས་པ་རྣམས་སུ་ལ་བཙས་ལགས། ༢༩ གངས་ཁྱགས་གང་གི་མངལ་ལས་བྱུང་བ་ལགས། ནམ་མཁའི་བ་མོ་སུ་ཡིས་བསྐྱེད་པ་ལགས། ༣༠ ཆབ་ཆུ་རྡོ་བར་གྱུར་ཏེ་ཡིབ་ནས་སྡོད། གཏིང་ཟབ་པོ་ཡི་ངོས་ནི་འཁྱགས་ཀྱིས་བསྡམས།
༣༡ སྨིན་དྲུག་དུམ་དུམ་ཁྱོད་ཀྱིས་འཆིང་བའམ། དྲང་སྲོང་སྐར་མའི་འཆིང་བ་སྒྲོལ་ནུས་སམ། ༣༢ རང་རང་ནམ་ཟླར་ཁྱིམ་རྣམས་འདྲེན་ནུས་སམ། སྨིན་བདུན་མ་བུ་བཅས་སུ་འཁྲིད་ནུས་སམ། ༣༣ ནམ་མཁའི་གྲལ་རིམ་ཁྱོད་ཀྱིས་ཤེས་ལགས་སམ། དེ་ཚོའི་དབང་ཐང་ས་གཞིར་འཛུགས་ནུས་སམ།
༣༤ མང་དྲགས་ཆུ་ཡིས་ཁྱོད་རང་ཁྱབ་པའི་ཕྱིར། ཆུ་འཛིན་སྤྲིན་རྣམས་འབོད་ཅིང་འགུག་ནུས་སམ། ༣༥ གློག་རྣམས་རྒྱུ་རུ་ཁྱོད་ཀྱིས་མངག་ནུས་སམ། ངེད་འདིར་ཡོད་ཅེས་ཁྱོད་ལ་ཞུ་འོང་ངམ། ༣༦ སྤྲིན་ནག་ཁོག་ནང་ཤེས་རབ་སུ་ཡིས་བཅུག ཡང་ན་སྐར་མདའ་ལ་བློ་གྲོས་སུས་སྩལ། ༣༧ མཁས་པའི་དབང་གིས་སྤྲིན་རྣམས་སུས་བགྲང་ནུས། ནམ་མཁའི་ཆུ་རྐྱལ་རྣམས་ཀྱང་སུས་འཇོག་ནུས། ༣༨ ཐལ་བ་མེར་ནས་གོང་པོར་འགྱུར་བའི་ཚེ། གོང་པོ་རྣམས་ནི་གཅིག་དང་གཅིག་ཏུ་འབྲེལ།
༣༩ སེང་མོ་རང་གི་ཚང་ནང་འཁུམ་དུས་སུ། ཁྱོད་ཀྱིས་དེ་ཡི་དོན་ལིངས་བྱ་ནུས་སམ། ༤༠ སེང་ཕྲུག་ནགས་གསེབ་འཇབ་ཅིང་སྒུག་དུས་སུ། ཁྱོད་ཀྱིས་དེ་ཡི་གྲོད་པ་འགེངས་ནུས་སམ། ༤༡ བྱ་རོག་གི་ཕྲུ་གུས་དཀོན་མཆོག་ལ་འབོད། ཁ་ཟས་མེད་པའི་དེ་དག་འཁོར་བའི་དུས། སུས་བྱ་རོག་ལ་འཚོ་བ་སྦྱོར་བར་བྱེད༎