༢༤
ཀུན་དབང་ལས་དུས་རྣམས་མ་སྦས་མཐོང་བ་ཡིན། ཁོང་བཤེས་པས་ཁོང་ཉིན་ཅི་ལ་མི་མཐོང་། ༢ མི་སུ་སུ་ཡིས་ཞིང་གི་རྟགས་རྣམས་འཐེན། ཁྱུ་རྣམས་དབང་གིས་འཕྲོག་ཅིང་འཚོ་རུ་འཁྲིད། ༣ དྭ་ཕྲུག་རྣམས་ཀྱིས་བོང་བུ་འདེད་ཅིང་འཁྲིད། ཁྱོ་ཤི་བུད་མེད་ཀྱི་གླང་གཏའ་མར་ལེན། ༤ ནོར་མེད་རྣམས་ལམ་ལས་ལོག་པར་བྱེད། ས་གཞིའི་དབུལ་ཕོངས་རྣམས་མ་ལུས་པར་ཡིབ། ༥ ལྟོས་ཤིག་དེ་རྣམས་ཐང་སྟོང་གི་རྐྱང་ལྟར། ཁ་ཟས་འཚོལ་ཞིང་ལས་ཀར་འགྲོ་བར་བྱེད། ཐང་སྟོང་ལས་རང་ཕྲུག་དོན་ཁ་ཟས་སྦྱོར། ༦ ཞིང་ལས་དེ་རྣམས་རང་ཕྱིར་འཚོ་རྒྱགས་རྔ། སྡིག་སྤྱོད་མིའི་རྒུན་འབྲུམ་འཐུན་བུ་སྒུག ༧ དེ་རྣམས་གོས་མེད་སྒྲེན་མོར་མཚན་གང་ཉལ། དེ་ཚོར་དགུན་དུས་ལ་གོན་རྒྱུ་ཅིའང་མེད། ༨ རི་ཡི་བྲག་ཆར་གྱིས་དེ་རྣམས་སྤང་སྟེ། སྡོད་ས་མེད་པས་དེ་རྣམས་བྲག་ལ་འབྱར། ༩ གཞན་ཡང་ངན་པས་པང་ལས་དྭ་ཕྲུག་འཕྲོག དབུལ་ཕོངས་ལས་གཏའ་མ་ལེན་པར་བྱེད་དེ། ༡༠ གཡོ་རྒྱུ་མེད་པར་གཅེར་བུར་འཁྱམ་དུ་འཇུག ལྟོགས་མཁན་རྣམས་སྟོན་ཐོག་གི་ལབ་ཙེ་སྐྱ། ༡༡ དེ་ཚོའི་ལྷས་ཀྱི་ནང་དུ་འབྲུ་མར་འདོན། འཆག་གཞོང་ནང་དུ་རྒུན་རྫི་ཡང་སྐོམ་མོ། ༡༢ གྲོང་ཁྱེར་ནང་ནས་མི་མང་དུ་སྐད་འདོན། རྨས་པའི་སྙིང་གིས་འོ་དོད་འདོན་པར་བྱེད། ད་དུང་དཀོན་མཆོག་གིས་སྐྱོན་དུ་མ་རྩི།༡༣ འདི་རྣམས་འོད་ལ་སྡང་བའི་ཁྲོད་ལས་ཡིན། འདི་རྣམས་ཀྱིས་འོད་ཀྱི་ལམ་ཡང་མི་ཤེས། མ་ཟད་དེའི་ལམ་ནང་དུའམ་མི་གནས་སོ། ༡༤ མི་གསོད་ཐོ་རངས་ལངས་ཏེ་དབུལ་ཕོངས་དང་། ནོར་མེད་གསོད་ཅིང་མཚན་མོར་ཆོམ་རྐུན་བྱེད། ༡༥ གཡེམ་པོའི་མིག་གིས་སྲོད་རུབ་སྒུག་ཅིང་སྡོད། མིག་གང་གིས་བདག་མཐོང་མི་འགྱུར་ཟེར་ཞིང་། རང་གི་ངོ་གདོང་གོས་ཀྱིས་འཐུམ་པར་བྱེད། ༡༦ སྨག་རུམ་ནང་ཁང་པ་རྣམས་ལ་གློ་རྟོལ། ཉིན་མོའི་དུས་སུ་དེ་ནི་ཡིབ་སྡོད་པས། དེ་རྣམས་ཀྱིས་འོད་ངོ་མི་ཤེས་པའི་ཕྱིར། ༡༧ ནམ་ལངས་པ་ནི་དེ་ཚོར་འཆི་གྲིབ་འདྲ། འཆི་གྲིབ་ཀྱི་འཇིགས་པ་དེ་རྣམས་ཀྱིས་ཤེས།
༡༨ དེ་ཆུ་རྣམས་ཀྱི་ངོས་སུ་ཤིན་ཏུ་མགྱོགས། སར་དེ་དག་གི་ཟ་སྐལ་དམོད་པར་གྱུར། ༡༩ རྒུན་ཚལ་རྣམས་ཀྱི་ལམ་ནི་མི་མཐོང་ངོ་། ཐན་པའི་ཚད་པས་ཁ་བའི་ཆུ་འཁྱེར་བཞིན། དུར་གྱིས་སྡིག་པ་སྤྱད་པ་རྣམས་ནི་འཁྱེར། ༢༠ མངལ་གྱིས་ཁོ་བརྗེད། འབུས་ཁོ་ལ་ལོངས་སྤྱོད། ཕྱིས་ཁོ་མི་དྲན། ཤིང་ལྟར་སྡིག་སྤྱོད་གཅག ༢༡ དེས་བུ་མི་ཆགས་པའི་མོ་གཤམ་ཟ་ཞིང་། ཁྱོ་ཤི་བའི་བུད་མེད་ལ་བཟང་མི་བྱེད། ༢༢ རང་གི་སྟོབས་ཀྱིས་དཔའ་བོ་རྣམས་ཀྱང་འགུག ཁོ་ལང་དུས་སུའང་གསོན་པའི་རེ་བ་མེད། ༢༣ དེ་དག་བདེ་ཞིང་ངལ་གསོ་བར་བྱེད་དོ། དཀོན་མཆོག་སྤྱན་གྱིས་དེ་ལ་གཟིགས་པར་མཛད། ༢༤ དེ་དག་མཐོ་ཡང་རིང་མིན་འདའ་ཞིང་དབབ། ཀུན་ལྟར་དེ་དག་ལམ་ལས་འཁྱེར་འགྱུར་ཞིང་། ནས་ཀྱི་སྲུས་བཞིན་དེ་དག་གཅོད་པར་འགྱུར། ༢༥ དེ་ལྟར་མིན་ན་སུས་ང་རྫུན་ཅན་བྱ། ཡང་ངའི་གཏམ་གླེང་རིན་མེད་བྱེད་པར་འགྱུར༎