༢༡
ཡང་ཡེ་ཧོ་ཤ་ཕད་རང་གི་ཕ་མེས་དང་མཉམ་དུ་གཉིད་དུ་སོང་བ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་ཕ་མེས་ཀྱི་ཁྲོད་དུ་བསྐུངས་ནས། དེའི་སྲས་ཡོ་རམ་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ༎༢ དེའི་སྤུན་རྣམས། ཨ་ཟར་ཡཱ་དང་། ཡེ་ཧི་ཨེལ་དང་། ཟ་ཀར་ཡཱ་དང་། ཨ་ཟར་ཡཱ་དང་མི་ཀ་ཨེལ་དང་། ཤེ་ཕད་ཡཱ་དང་དྲུག་ནི་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་སྲས་རྣམས་སོ། ༣ དེ་དག་གི་ཕས་དེ་རྣམས་ལ་ཡ་ཧུ་དཱའི་ཡུལ་གྱི་གྲོང་ཁྱེར་བཙན་པོ་དང་བཅས་སུ་གསེར་དངུལ་དང་། རྡོ་བ་རིན་པོ་ཆེ་མང་པོ་བྱིན་གྱིས། ཡོ་རམ་སྔོན་སྐྱེས་ཡིན་སྟབས་ཀྱིས་རྒྱལ་སྲིད་ནི་དེ་ལ་བསྟེར་བ་དང་། ༤ ཡོ་རམ་རང་གི་ཕའི་རྒྱལ་སྲིད་ཀྱི་ཁྲིར་འཁོད་དེ། ཤུགས་ཅན་སོང་བ་ལས། རང་གི་ནུ་བོ་ཚང་མ་རལ་གྲིས་བསད་དེ། ཨིས་ར་ཨེལ་གྱི་སྐུ་དྲག་འགའ་ཞིག་ཀྱང་སྲོག་དང་ཕྲལ་ལོ། ༥ ཡོ་རམ་རྒྱལ་པོར་འགྱུར་དུས་སུ། ལོ་སོ་གཉིས་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་བརྒྱད་རྒྱལ་སྲིད་མཛད། ༦ དེའི་ཆུང་མར་ཨ་ཧབ་ཀྱི་བུ་མོ་ཡོད་པས། དེས་ཨ་ཧབ་ཀྱི་བརྒྱུད་པ་དང་འདྲ་བར། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལམ་དུ་དོང་སྟེ། ཡ་ཧོ་ཝཱའི་སྤྱན་སྔར་གང་ངན་པ་ཡིན་པ་དེ་བྱས་རུང་། ༧ ཡ་ཧོ་ཝཱས་དཱ་བིད་ལ་ཞལ་ཆད་མཛད་དེ། ངས་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ལ་དུས་རྒྱུན་དུ་སྒྲོན་མེ་ཞིག་གནང་བར་བྱའོ། ཞེས་ཞལ་ཆད་མཛད་པ་ལ་བརྟེན་ཏེ། ཁོང་གིས་དཱ་བིད་ཀྱི་བརྒྱུད་མེད་པར་མཛད་པ་ལ་ཐུགས་མ་དགྱེས་སོ༎
༨ དེའི་རིང་དུ་ཨེ་དོམ་པ་རྣམས་ཀྱིས་ངོ་ལོག་བྱས་ཏེ། ཡ་ཧུ་དཱའི་རྒྱལ་སྲིད་ལས་ཐོན་ཏེ། དེ་དག་གིས་རྒྱལ་པོ་ཞིག་བསྐོས་པས། ༩ ཡོ་རམ་གྱིས་རང་གི་དམག་དཔོན་དང་ཤིང་རྟ་ཚང་མ་དང་བཅས་ཐོན་ཏེ། མཚན་མོར་ལངས་ཏེ། རང་ལ་བསྐོར་ཏེ་ཡོད་པའི་ཨེ་དོམ་པ་དང་། དེ་དག་གི་ཤིང་རྟའི་འགོ་བྱེད་རྣམས་དྲལ་ཏོ། ༡༠ འོན་ཀྱང་ཨེ་དོམ་པ་རྣམས་ཉི་མ་དེ་རིང་ཐུག་ཡ་ཧུ་དཱ་ལ་འབངས་གྱེན་ལོག་བྱེད། དུས་དེ་རང་བར་དུ་ལིབ་ནཱ་ཡང་ངོ་ལོག་བྱས་ཏེ་དེའི་ལག་ནས་ཤོར་ཏོ། དེ་ཅིའི་ཕྱིར་ཞེ་ན། དེས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་སྤངས་པ་ཡིན།
༡༡ དེའི་སྟེང་དུ་ཡ་ཧུ་དཱའི་རི་རྣམས་ཀྱི་ཁར་མཐོ་གླིང་བརྩིགས་ཏེ། ཡེ་རུ་ཤ་ལེམ་པ་ལ་ལོག་གཡེམ་བྱེད་དུ་བཅུག ཡ་ཧུ་དཱ་ལ་འོས་མིན་བྱས་སོ། ༡༢ དེའི་ཚེ་ལུང་སྟོན་པ་ཨེ་ལི་ཡཱ་ཡི་ཕྱོགས་ལས་དེ་ལ་བསླེབས་པའི་ཡི་གེའི་ནང་ན། ཁྱོད་ཀྱི་ཕ་དཱ་བིད་ཀྱི་དཀོན་མཆོག་ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ནི་རང་གི་ཕ་ཡེ་ཧོ་ཤ་ཕད་ཀྱི་ལམ་དང་། ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་ལམ་གྱི་ནང་དུ་མ་འགྲུལ་བར། ༡༣ ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་ལམ་ལ་གདོང་ནས། ཨ་ཧབ་ཀྱི་བུ་བརྒྱུད་ཀྱིས་འདོད་ལོག་སྤྱད་པ་ལྟར། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་ལ་ཡང་ལོག་གཡེམ་བྱེད་དུ་བཅུག ཡང་ཁྱོད་ལས་བཟང་པོ་ཡོད་པའི་རང་གི་ཕ་སྤད་ཀྱི་སྤུན་རྣམས་བསད། ༡༤ ད་ལྟོས། ཡ་ཧོ་ཝཱས་ཁྱོད་ཀྱི་མི་སྡེ་དང་། ཁྱོད་ཀྱི་ཕྲུ་གུ་རྣམས་དང་། ཆུང་མ་རྣམས་དང་། ཁྱོད་ལ་གང་ཡོད་པ་ཚང་མ་རིམས་ནད་དྲག་པོ་ཞིག་གིས་གསོད་པར་འགྱུར། ༡༥ ཡང་ཁྱོད་རྒྱུ་ནད་ཆེན་པོས་ཐེབས་ཤིང་། ནད་དེའི་རྐྱེན་གྱིས་ཁྱོད་ཀྱི་རྒྱུ་མ་ཉིན་རེ་བཞིན་དུ་ལུག་པར་འགྱུར་རོ་ཞེས་གསུངས་སོ༎
༡༦ དེ་མ་ཟད། ཕེ་ལེ་ཤེད་པ་དང་། ཀུས་ཀྱི་ཉེ་འཁོར་ན་ཡོད་པའི་ཨ་རཱབ་པ་རྣམས་ཡོ་རམ་ལ་འཐབ་ཏུ་ཡ་ཧོ་ཝཱས་ཀུན་ནས་བསླངས་སོ། ༡༧ དེ་རྣམས་ཀྱིས་ཡ་ཧུ་དཱ་རུ་དམག་དྲངས་ནས། དེའི་ནང་དུ་ཚངས་ཏེ། རྒྱལ་ཁབ་ན་བརྙེད་པའི་ནོར་ཚང་མ་དང་། དེའི་སྲས་དང་། ཆུང་མ་ཐམས་ཅད་ཀྱང་ཁྱེར་བས། དེའི་སྲས་རྣམས་ཀྱི་ཐ་ཆུང་ཡོ་ཨ་ཧས་མ་གཏོགས་པར། གཞན་སྲས་གཅིག་ཀྱང་དེར་མ་ལུས་སོ༎
༡༨ དེའི་འོག་ཏུ་ཡ་ཧོ་ཝཱས་དེའི་རྒྱུ་མའི་ནང་དུ་གསོ་ཐབས་མེད་པའི་ནད་ཀྱི་སྒོ་ནས་ཁོ་དྲལ་ཏེ། ༡༩ ལོ་གཉིས་ཀྱི་དུས་འདས་པ་དང་། ནད་དེའི་སྒོ་ནས་དེའི་རྒྱུ་མ་ལུག་སྟེ། ཟུག་གཟེར་དྲག་པོ་ལངས་ནས་ཤི་བ་དང་། དེའི་མི་སྡེས་ཕ་མེས་ཀྱི་ཕྱིར་མེ་སྤར་བ་ལྟར། དེའི་ཕྱིར་མེ་མ་སྤར་ཏོ། ༢༠ དེས་རྒྱལ་ས་འཛིན་དུས་སུ། ལོ་སོ་གཉིས་ལོན་ཏེ། ཡེ་རུ་ཤ་ལེམ་དུ་ལོ་བརྒྱད་རྒྱལ་པོ་བྱས་ནས་ཚེ་འདས། དེའི་དོན་དུ་སྡུག་བསྔལ་བྱེད་མཁན་གང་ཡང་མེད་པར་འདས་ནས། དཱ་བིད་ཀྱི་གྲོང་ཁྱེར་གྱི་ནང་དུ་བསྐུངས་ཀྱིས། རྒྱལ་པོ་དག་གི་སྤུར་ཁང་གི་ནང་དུ་མ་བསྐུངས་སོ༎