༢༠
དེའི་འོག་ཏུ་མོ་ཨབ་པ་དང་། ཨམ་མོན་པ་དང་། མེ་ཨུན་པ་རྣམས་ཀྱི་སྣོན་མར་གཞན་རྣམས་ཀྱང་ཡེ་ཧོ་ཤ་ཕད་ལ་དམག་རྒྱབ་ཏུ་བྱུང་བ་དང་། ༢ མི་འགའ་ཞིག་འོངས་ནས། ཡེ་ཧོ་ཤ་ཕད་ལ་ཕྲིན་བསྐུར་ནས། རྒྱ་མཚོའི་ཕ་རོལ་ན་ཨ་རམ་པའི་ཕྱོགས་ལས་དམག་ཚོགས་ཆེན་པོ་ཞིག་ཁྱེད་ལ་རྒོལ་དུ་འོང་གིན་འདུག གཟིགས། ད་དེ་རྣམས་ཨེན་གེ་དཱིའམ། ཧ་ཚ་ཚོན་ཐ་མར་དུ་བསླེབས་ཟིན་ཏོ་སྨྲས་པ་དང་། ༣ ཡེ་ཧོ་ཤ་ཕད་འཇིགས་པར་གྱུར་ཏེ། ཡ་ཧོ་ཝཱ་འཚོལ་བར་ཁ་ལོ་བསྒྱུར་ནས། ཡ་ཧུ་དཱ་ཚང་མ་ལ་སྨྱུང་གནས་ལ་སྡོད་པའི་ཕྱིར་དྲིལ་བསྒྲགས་སོ། ༤ ཡ་ཧུ་དཱ་ཚང་མས་ཡ་ཧོ་ཝཱ་ལས་སྐྱབས་ཞུ་བ་ལ་འདུས་ཏེ། ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ལས་ཡ་ཧོ་ཝཱ་འཚོལ་དུ་འོངས་པ་དང་།༥ ཡེ་ཧོ་ཤ་ཕད་ཡ་ཧོ་ཝཱའི་ཕོ་བྲང་གི་དེ་ཡངས་གསར་པའི་ནང་ན། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ཚོགས་ཀྱི་དཀྱིལ་དུ་ལངས་ནས་འདི་ན་རེ། ༦ ཀྱེ་ཡ་ཧོ་ཝཱ། བདག་གི་ཕ་མེས་ཀྱི་དཀོན་མཆོག ནམ་མཁའ་ལ་ཁྱེད་ནི་དཀོན་མཆོག་མིན་ནམ། མི་བརྒྱུད་སོ་སོའི་རྒྱལ་ཁམས་མཐའ་དག་གི་མངའ་བདག་དེ་ཁྱེད་མིན་ནམ། ཁྱེད་ཀྱི་ཕྱག་ཏུ་དབང་དང་མཐུ་གདའ་བས། སུས་ཀྱང་ཁྱེད་ལ་འགྲན་མི་ནུས། ༧ ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་གྱི་མདུན་ལས་ཡུལ་ཁམས་འདིའི་ཡུལ་མི་ཚང་མ་བསྐྲད་དེ། ཁྱེད་ཀྱི་མཛའ་བོ་ཨབ་ར་ཧམ་གྱི་བུ་བརྒྱུད་ལ་ཡུལ་ཁམས་འདི་གཏན་གྱི་ཕྱིར་གནང་བའི་དཀོན་མཆོག་ནི་ཁྱེད་ཉིད་མ་ཡིན་ནམ། ༨ དེ་རྣམས་འདིར་གནས་ཏེ། ཁྱེད་ཀྱི་མཚན་དམ་པས་འགྲོགས་པའི་གཙང་ཁང་ཞིག་བཞེངས་ནས། དེ་དག་གིས། ༩ བདག་ཅག་ལ་རལ་གྲིའམ། བར་ཆོད་དམ། རིམས་ནད་དམ། མུ་གེ་ལ་སོགས་པའི་རྐྱེན་ངན་འབྱུང་དུས་སུ། ཁྱེད་ཀྱི་མཚན་བཞུགས་པའི་ཕོ་བྲང་ནི་འདི་ཡིན་པས། བདག་ཅག་ཕོ་བྲང་འདིའི་མདུན་དུ་ཁྱེད་ཀྱི་དྲུང་ན་ལངས་ཏེ། སྡུག་བསྔལ་གྱི་ནང་ནས་བདག་ཅག་གིས་འོ་དོད་འབོད་ན། ཁྱེད་ཀྱིས་གསན་ཏེ་སྐྱོབ་པར་འགྱུར་རོ། ༡༠ ད་གཟིགས་འཚལ། ཨིས་ར་ཨེལ་པ་མི་སེར་ཡུལ་ནས་འཐོན་དུས་སུ། དེ་རྣམས་ཨམ་མོན་པ་དང་། མོ་ཨབ་པ་དང་། རི་སེ་ཨིར་པའི་ཡུལ་དུ་འགྲོར་མ་གནང་བར། དེ་དག་ཁོ་རྣམས་ནས་འབྱོལ་ཏེ། ཁྱེད་ཀྱིས་ཁོ་རྣམས་གསོད་པར་མ་གནང་ངོ་། ༡༡ ད་ཁྱེད་ཀྱིས་བདག་ཅག་ལ་ས་སྐལ་དུ་གནང་བའི་ཡུལ་གྱི་ནང་ནས་བདག་ཅག་སྐྲོད་པའི་དོན་དུ། ལན་འདེབས་ལུགས་འདི་ལ་གཟིགས་སུ་གསོལ། ༡༢ ཀྱེ་བདག་གི་དཀོན་མཆོག ཁྱེད་ཀྱིས་དེ་དག་གི་ཁྲིམས་མི་གཅད་དམ། ཅི་ལ་ཞུ་ན། བདག་ཅག་ལ་འཐབ་ཏུ་འོང་བའི་དམག་དཔུང་ཆེན་པོ་འདི་དང་འགྲན་པའི་ཤེད་མེད། དེ་མ་ཟད། ཅི་བྱེད་དགོས་པའང་མི་ཤེས་པས། ཁྱེད་ལ་ལྟ་ལྟས་པར་ཡོད་དོ། ཞེས་ཞུས་སོ༎
༡༣ དེའི་ཚེ་ཡ་ཧུ་དཱ་པ་ཚང་མ་རེ་རང་གི་བུ་སྨད་དང་བུ་རྣམས་དང་བཅས་སུ་ཡ་ཧོ་ཝཱའི་ཞལ་སྔར་ལང་ལངས་པར་ཡོད་པ་ཡིན། ༡༤ དེ་ནས་ཡ་ཧོ་ཝཱའི་ཐུགས་ཉིད་ནི་ཟ་ཀར་ཡཱའི་བུ་ཡ་ཧ་ཟི་ཨེལ་ལ་བབས་སོ། ཟ་ཀར་ཡཱ་ནི་བེ་ནཱ་ཡཱའི་བུ། དེ་ནི་ཡེ་ཧི་ཨེལ་གྱི་བུ། དེ་ནི་མད་ཐན་ཡཱའི་བུ། དེ་ནི་ཨ་སབ་ཀྱི་བུ་རྣམས་ཀྱི་ནང་ནས་ལེ་ཝི་པ་ཞིག་ཡིན་ནོ། ༡༥ དེར་ཡེ་ཧ་ཟི་ཨེལ་གྱིས། ཀྱེ་ཡ་ཧུ་དཱ་ཚང་མ་དང་། ཡེ་རུ་ཤ་ལེམ་པ་དང་། རྒྱལ་པོ་ཡེ་ཧོ་ཤ་ཕད་ཁྱེད་གསན་འཚལ། ཡ་ཧོ་ཝཱས་ཁྱེད་ཚོ་ལ་འདི་སྐད་གསུང་། དམག་འཐབ་འདི་ཁྱོད་རྣམས་ཀྱི་མིན་གྱིས། དཀོན་མཆོག་གི་ཡིན་པས། དམག་དཔུང་ཆེན་པོ་འདིས་མ་འཇིགས། མ་ཚབས་ཤིག ༡༦ ནང་པར་ཁྱེད་ཅག་དེ་དག་དང་འཐབ་ཏུ་མར་བོབས་ཤིག་དང་། ལྟོས་ཤིག དེ་དག་ཙིས་ཀྱི་ཕྲེད་ལས་འཛེགས་ཏེ་འོད་སྟེ། ཡེ་རུ་ཨལ་གྱི་འབྲོག་སྟོང་གི་མདུན་དུ་རོང་མཇུག་ལ་ཁྱོད་ཅག་དེ་དག་དང་འཕྲད་པར་འགྱུར། ༡༧ ཁྱེད་ཅག་ལ་འཐབ་དགོས་མི་འབྱུང་བས། ཁྱེད་ཅག་ཅབ་བེར་ལངས་ནས་སྡོད་དེ། ཁྱེད་ཅག་དང་མཉམ་དུ་བཞུགས་པའི་ཡ་ཧོ་ཝཱའི་སྒྲོལ་ལུགས་ལ་ལྟོས་ཤིག ཀྱེ་ཡ་ཧུ་དཱ་དང་།ཡེ་རུ་ཤ་ལེམ། མ་འཇིགས། མ་ཚབས་ཤིག ཡ་ཧོ་ཝཱ་ཁྱེད་ཅག་དང་འགྲོགས་པས། སང་ཉིན་དེ་རྣམས་ལ་འཐབ་ཏུ་སོང་ཞིག ཅེས་བསྒོ་བ་དང་།
༡༨ ཡེ་ཧོ་ཤ་ཕད་ཀྱིས་ཁ་འབུབ་ཏུ་ཕྱག་བཙལ་བ་དང་། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་ཚང་མ་ཡང་ཡ་ཧོ་ཝཱའི་དྲུང་དུ་ཁ་འབུབ་ཏུ་ཕྱག་བཙལ་ཏོ། ༡༩ དེ་ནས་ལེ་ཝི་པ་ཀོ་ཧད་པའི་བུ་རྣམས་སམ། ཀོ་རཱ་པའི་བུ་རྣམས་ཀྱིས་སྐད་ཆེན་པོས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་བསྟོད་དབྱངས་འབུལ་དུ་ལངས་སོ༎
༢༠ དེ་ནས་དེ་རྣམས་ནང་པར་སྔ་བར་ལངས་ནས། ཏེ་ཀོ་ཨ་ཡི་འབྲོག་སྟོང་དུ་ཕྱིན་ཏེ། དེ་དག་ཆས་དུས་སུ་ཡེ་ཧོ་ཤ་ཕད་ལངས་ཏེ། དེ་དག་ལ། ཀྱེ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་རྣམས། ང་ལ་ཉོན། ཡ་ཧོ་ཝཱ་རང་ཅག་གི་དཀོན་མཆོག་ལ་དད་པ་གྱིས་ཤིག་དང་། ཁྱོད་རྣམས་གནས་པར་འགྱུར། ཁོང་གི་ལུང་སྟོན་པ་ལ་ཡིད་ཆེས་ཤིག ཁྱོད་ཅག་གི་དོན་འགྲུབ་པར་འགྱུར་རོ། ཞེས་སྨྲས་ནས། ༢༡ ཡུལ་མི་རྣམས་ལ་གདམས་ངག་གནང་ཟིན་པ་དང་། ཡ་ཧོ་ཝཱ་ལ་བསྟོད་དབྱངས་འབུལ་མཁན་རྣམས་བསྐོས་ཏེ་དེ་དག་ལ། ཆོས་གོས་དམ་པ་གྱོན་ཏེ། ཁོང་ལ་བསྟོད་ཅིང་། དམག་ཚོགས་ཀྱི་མདུན་དུ་འདོང་ཞིང་། ཡ་ཧོ་ཝཱའི་ཐུགས་རྗེ་དུས་རྒྱུན་དུ་གནས་པས། ཁོང་ལ་སྟོད་སྔོགས་ཤིག ཅེས་བསྐུལ་ཏོ༎
༢༢ དེ་དག་གིས་བསྟོད་པའི་དབྱངས་འབུལ་དུ་བརྩམས་པ་ཙམ་གྱིས། ཡ་ཧུ་དཱ་ལ་འཐབ་ཏུ་འོངས་པའི་ཨམ་མོན་པ་དང་། མོ་ཨབ་དང་། རི་སེ་ཨིར་པ་རྣམས་ཀྱི་རྒྱབ་ཏུ་ཡ་ཧོ་ཝཱས་ལྐོག་འཇབ་པ་རྣམས་བཞག་པར་མཛད་པས། དེ་དག་གཅིག་གིས་གཅིག་དྲལ་ཏོ། ༢༣ ཡང་ཨམ་མོན་པ་དང་མོ་ཨབ་པས་རི་སེ་ཨིར་གྱི་ཡུལ་མི་རྣམས་ཡོངས་སུ་ཚར་གཅོད་དུ་ལངས་ནས། སེ་ཨིར་གྱི་ཡུལ་མི་རྣམས་བསད་ཟིན་པ་དང་། དེ་དག་རང་གི་ནང་དུ་གཅིག་གིས་གཅིག་མེད་པར་བྱས་སོ༎
༢༤ དེ་ནས་ཡ་ཧུ་དཱ་ནི་འབྲོག་སྟོང་དུ་སོ་པའི་མཁར་གྱི་ཕྱོགས་སུ་བསླེབ་དུས་སུ། དཔུང་དེ་ལ་བལྟས་པ་དང་། གང་ཡང་མ་ཐར་བར། ཐམས་ཅད་ཀྱི་རོ་ས་ཐོག་ཏུ་ཡོད་པར་མཐོང་བ་ལས། ༢༥ ཡེ་ཧོ་ཤ་ཕད་དང་། དེའི་མི་རྣམས་དེ་དག་གི་ནོར་འཕྲོག་ཏུ་འོངས་ནས། ནོར་ཤིན་ཏུ་མང་པོ་དང་། གོས་ལག་དང་། རིན་ཐང་ཆེ་བའི་རྡོ་བ་རིན་པོ་ཆེ། སྐྱ་མི་ནུས་པ་ཙམ་བཤུས། བཅོམ་ནོར་འདི་ཙམ་མང་པོ་ཡོད་པས། བསྡུ་བར་ཉིན་གསུམ་སོང་། ༢༦ དེ་ནས་ཞག་བཞི་པར་དེ་རྣམས་བེ་ར་ཀཱ་༼བོད་སྐད་དུ་བསྟོད་སྒྲ༽འི་ལུང་པ་རུ་འཛོམས་སོ། དེར་དེ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་བསྟོད་དབྱངས་ཕུལ་བའི་རྐྱེན་གྱིས། ས་ཆ་དེའི་མིང་ལ་དེ་རིང་ཐུག་བེ་ར་ཀཱའི་ལུང་པ་ཟེར་རོ། ༢༧ དེ་ནས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་ཚང་མ་ལོག་འོངས། ཡ་ཧོ་ཝཱས་དེ་དག་གི་དགྲ་ལས་རྒྱལ་དུ་བཅུག་སྟེ། བདེ་སྐྱིད་གནང་བའི་ཕྱིར། དགའ་མགུའི་ངང་ན་ཡེ་རུ་ཤ་ལེམ་དུ་ལོག་སྟེ། ཡེ་ཧོ་ཤ་ཕད་དེ་དག་གི་སྣ་ལ་དོང་བ་ཡིན། ༢༨ དེ་དག་ཡེ་རུ་ཤ་ལེམ་དུ་པི་ཝང་དང་། སྒྲ་སྙན་དང་། དུང་དང་བཅས་སུ་བསླེབས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་དུ་སོང་ངོ་། ༢༩ ཡང་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དགྲ་རྣམས་ལ་ཁོང་ཉིད་ཀྱིས་དམག་འཐབ་མཛད་པའི་གཏམ་དེ། ཡུལ་སོ་སོའི་རྒྱལ་ཁམས་ཐམས་ཅད་ཀྱིས་ཐོས་ནས། དེ་རྣམས་ཀྱི་ཐོག་ཏུ་ཡ་ཧོ་ཝཱའི་འཇིགས་པ་བབས་སོ། ༣༠ དེ་ལྟར་དཀོན་མཆོག་གིས་ཡེ་ཧོ་ཤ་ཕད་ལ་ཕྱོགས་བཞི་ནས་དུས་བདེ་གནང་བས། དེའི་རྒྱལ་ཁམས་ནང་དུས་བདེ་ས་འཇམ་ཡོད་པ་ཡིན།
༣༡ ཡང་ཡེ་ཧོ་ཤ་ཕད་ཀྱིས་རྒྱལ་པོ་མཛད་དུས་ལོ་སོ་ལྔ་ལོན་ཡོད་དེ། ཡེ་རུ་ཤ་ལེམ་དུ་ལོ་ཉེར་ལྔ་རྒྱལ་པོ་མཛད། ཁོང་གི་ཡུམ་ནི་ཤིལ་ཧིའི་སྲས་མོ་ཨ་ཟུ་བཱ་བྱ་བ་སྟེ། ༣༢ དེ་ནི་རང་གི་ཡབ་ཨ་སཱའི་ལམ་གྱི་ནང་དུ་འགྲུལ་ཏེ། དེ་ལས་མ་འཁྱར་བར། ཡ་ཧོ་ཝཱའི་སྤྱན་ལམ་དུ་གང་ལེགས་པ་དེ་ལ་སྤྱད་དོ། ༣༣ འོན་ཀྱང་མཐོ་གླིང་རྣམས་མ་བཤིག་པར་བཞག་གོ། གང་ལ་ཞེ་ན། ད་དུང་ཡང་མི་རྣམས་ཀྱིས་རང་གི་ཕ་མེས་ཀྱི་དཀོན་མཆོག་གི་ཕྱོགས་སུ་སྙིང་མ་བཏང་བ་ཡིན།
༣༤ ཡེ་ཧོ་ཤ་ཕད་ཀྱི་བྱ་བ་སྔ་ཕྱི་རྣམས་ནི། ཨིས་ར་ཨེལ་གྱི་རྒྱལ་རབས་ཀྱི་ནང་དུ་བསྲེས་པའི་མདོ། ཧ་ནཱ་ནིའི་བུ་ཡེ་ཧུའི་མདོ་དེའི་ནང་དུ་བྲིས་ཏེ་ཡོད།
༣༥ ཕྱིས་སུ་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་་ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧས་ཡཱ་རབ་ཏུ་སྡིག་སྤྱོད་ཡིན་པ་དེ་དང་འདྲེས་ཏེ། ༣༦ ཐར་ཤིས་ལ་འགྲོ་བའི་གྲུ་བཟོ་བ་ལ་དེ་དང་འདྲེས་ནས། དེ་གཉིས་པོས་ཨེ་ཙོན་གེ་བེར་དུ་གྲུ་གཟིངས་བཟོ་རུ་བཅུག་གོ། ༣༧ དེ་ནས་མ་རེ་ཤཱ་པ་དོ་ད་ཝཱའི་བུ་ཨེ་ལི་ཨེ་ཟེར་གྱིས་ཡེ་ཧོ་ཤ་ཕད་ལ་ལུང་བསྟན་ཏེ་དེ་ལ། ཁྱོད་ཨ་ཧས་ཡཱ་དང་འདྲེས་པས་ན། ཡ་ཧོ་ཝཱས་ཁྱོད་ཀྱི་ལས་རྣམས་བཤིག་པ་ཡིན། ཞེས་སྦྲན་ཏོ། དེ་ནས་གྲུ་དེ་དག་བཞིག་པ་དང་། ཐར་ཤིས་སུ་འགྲོ་བར་མ་ནུས་སོ༎