༡༩
དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཞི་བདེ་བར་ཡེ་རུ་ཤ་ལེམ་དུ་རང་གི་ཁབ་ལ་ལོག་བསླེབས་པ་དང་།  ཧ་ནཱ་ནིའི་བུ་མངོན་བཤེས་པ་ཡེ་ཧུ་ཁོང་བསུར་འོངས་ནས། རྒྱལ་པོ་ཡེ་ཧོ་ཤ་ཕད་ལ། མི་ངན་ལ་གྲོགས་བྱེད་ཅིང་ཡ་ཧོ་ཝཱའི་དགྲ་བོ་རྣམས་ལ། ཁྱོད་ཀྱིས་མཛའ་བོ་བྱེད་པ་འོས་པ་ཡིན་ནམ། དེའི་ཕྱིར་ཡ་ཧོ་ཝཱའི་སྐུ་དྲུང་ནས་ཁྱོད་ཀྱི་ཐོག་ཏུ་ཐུགས་ཁྲོ་འབབ་བོ།  འོན་ཀྱང་ཁྱོད་ཀྱིས་ཡུལ་གྱི་ནང་ནས་ཨ་ཤེ་རཱ་རྣམས་ཚར་དུ་བཅད་དེ། དཀོན་མཆོག་འཚོལ་དུ་སྙིང་བཏང་བའི་དབང་གིས། ཁྱོད་ཀྱི་ནང་དུ་ད་དུང་ཡང་བྱ་བ་བཟང་པོ་རེ་རྙེད་ནུས་སོ། ཞེས་གདམས་སོ༎
 ཡེ་ཧོ་ཤ་ཕད་ནི་ཡེ་རུ་ཤ་ལེམ་དུ་གནས་པ་ཡིན། ཡང་ཁོང་བེ་ཨེར་ཤེ་བཱ་ནས་ཨེབ་ར་ཨིམ་གྱི་རིའི་བར་དུ་མི་རྣམས་ཀྱི་ཁྲོད་དུ་ཕྱིན་ཏེ། དེ་དག་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཧོ་ཝཱའི་ཕྱོགས་སུ་ཕྱིར་ལོག་བསྒྱུར་ཏོ།  ཡང་ཁོང་གིས་ཡ་ཧུ་དཱའི་གྲོང་ཁྱེར་བཙན་པོ་ཐམས་ཅད་ཀྱི་ནང་དུ། གྲོང་ཁྱེར་རེ་རེ་ལ་ཁྲིམས་དཔོན་རེ་བཞག་ནས།  ཁྲིམས་དཔོན་རྣམས་ལ། ཅི་ཞིག་བྱེད་ཀྱང་། ཟོན་གྱིས་ཤིག ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་མི་རྣམས་ཀྱི་ཕྱིར་གཤགས་མི་འབྱེད་ཀྱིས། གཤགས་འབྱེད་དུས་སུ། ཁྱོད་ཅག་དང་མཉམ་དུ་བཞུགས་པའི་ཡ་ཧོ་ཝཱའི་དོན་དུ་བཤགས་འབྱེད་པས།  ཡ་ཧོ་ཝཱའི་འཇིགས་པ་ཁྱོད་ཅག་གི་ཁར་ཡོད་པར་གྱུར་ཅིག ཅི་བྱེད་ཀྱི་བྱ་བ་ཐམས་ཅད་ཀྱི་ནང་དུ་ཟོན་གྱིས་ཤིག ཅི་ལ་ཞེ་ན། ངེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱའི་དྲུང་དུ་ལོག་པ་དང་། མིའི་ངོ་སྲུང་བ་དང་། ཕག་སུག་ལེན་པར་མི་རུང་ཞེས་སྨྲས་སོ༎
 ཡེ་ཧོ་ཤ་ཕད་ཀྱིས་ཡེ་རུ་ཤ་ལེམ་དུ་ཡང་ཡ་ཧོ་ཝཱའི་ཕྱོགས་ལས་གཤགས་འབྱེད་པ་དང་། འཛིང་མོ་རྣམས་ཐག་གཅོད་པའི་ཕྱིར་དུ་ལེ་ཝི་པ་དང་། བླ་མ་དང་། ཨིས་ར་ཨེལ་གྱི་ཕ་སྤད་ཀྱི་འགོ་བྱེད་རྣམས་བསྐོས་པ་དང་། དེ་དག་ཡེ་རུ་ཤ་ལེམ་དུ་ལོག་གོ།  ཡང་ཁོང་གིས་དེ་རྣམས་ལ་བཀའ་བཀོད་ནས། ལས་ཚང་མ་ཡ་ཧོ་ཝཱ་ལ་འཇིགས་པ་དང་བཅས་སུ་དྲང་པོ་དང་སྙིང་གཙང་བའི་ངང་ན་གྱིས་ཤིག ༡༠ གལ་ཏེ་ཁྱོད་ཅག་གི་སྤུན་གྲོང་ཁྱེར་སོ་སོའི་ནང་དུ་གནས་མཁན་རྣམས་ཀྱི་ཁྲོད་དུ། བརྒྱུད་གཅིག་དང་གཅིག་གི་བར་རམ། ཁྲིམས་དང་བཀའ་ཡི་བར་རམ། སྤྱད་མཚམས་དང་གཤགས་ཀྱི་བར་དུ་འཛིང་འཁྲབ་བྱུང་སྟེ། ཁ་མཆུ་གང་ཡང་རུང་བ་ཁྱོད་ཅག་གི་མདུན་དུ་སླེབ་ན། ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་མི་བྱེད་པ་དང་། ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་སྤུན་གྱི་ཐོག་ཏུ་ཁོང་གི་ཐུགས་ཁྲོ་མི་འབབ་པའི་དོན་དུ། དེ་དག་ལ་བརྡ་སྤྲོད་པར་གྱིས་ཤིག དེ་ལྟར་བྱེད་ན། ཁྱོད་ཅག་ལ་འགལ་མི་འཕོག ༡༡ ཡང་ལྟོས་ཤིག ཡ་ཧོ་ཝཱ་ལ་རག་ལུས་པའི་ཁ་མཆུ་ཐམས་ཅད་ཀྱི་ཕྱིར་ཁྱོད་ཅག་གི་དཔོན་པོར་བླ་མ་ཆེན་པོ་ཨ་མར་ཡཱ་དང་། རྒྱལ་པོ་ལ་རག་ལུས་པའི་ཁ་མཆུ་ཐམས་ཅད་ཀྱི་ཕྱིར་ཁྱོད་ཅག་གི་དཔོན་པོར་ཡ་ཧུ་དཱའི་ཕ་སྤད་ཀྱི་འགོ་པ་ཨིས་མ་ཨེལ་གྱི་ཟེ་བད་ཡཱ་དང་། ལེ་ཝི་པ་དག་ནི་ཁྱོད་ཅག་གི་མདུན་ན་ཡོད་པའི་ལས་སྣེ་པའོ། སྙིང་སྟོབས་ཀྱིས་ལས་བྱོས་ཤིག མི་བཟང་པོ་དང་ཡ་ཧོ་ཝཱ་འགྲོགས་པར་འགྱུར་རོ། ཞེས་ཞལ་གདམས་གནང་ངོ་༎