༡༨
ཡེ་ཧོ་ཤ་ཕད་ལ་ནོར་དབྱིགས་དང་ཞེ་ས་མང་དུ་བརྙེད་བྱུང་ནས། ཨ་ཧབ་དང་གཉེན་འབྲེལ་བྱས་ཏེ། ༢ ལོ་ཁ་ཤས་ཀྱི་རྗེས་སུ་ས་མར་ཡཱ་རུ་ཨ་ཧབ་ཀྱི་དྲུང་དུ་ཕྱིན་པ་དང་། ཨ་ཧབ་ཀྱིས་ཁོང་དང་། ཁོང་དང་མཉམ་དུ་ཡོད་པའི་མི་རྣམས་ཀྱི་དོན་དུ་ལུག་དང་གླང་དུ་མ་བསད་དེ། རཱ་མོད་གིལ་ཨད་ལ་ཨ་ཧབ་དང་མཉམ་དུ་དམག་འདེགས་པའི་ཕྱིར་བསྐུལ་ཏོ། ༣ ཡང་ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ལ། ཁྱེད་ང་དང་མཉམ་དུ་རཱ་མོད་གིལ་ཨད་དུ་ཕེབས་པར་བྱའམ་དྲིས་ནས། དེས་ལན་དུ། ང་དང་ཁྱེད་གཉིས་གཅིག་པ་ཡིན། ངའི་མི་སྡེ་དང་ཁྱེད་ཀྱི་མི་སྡེ་ཡང་གཅིག་པ་ཡིན་པས། ཁྱེད་དང་མཉམ་དུ་དམག་ཏུ་འགྲོ་བར་བྱའོ། སྨྲས་ནས།༤ ཡེ་ཧོ་ཤ་ཕད་ཀྱིས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ། དེ་རིང་ཡ་ཧོ་ཝཱའི་གསུང་བརྟག་ཞུས་ཤིག་སྨྲས་ནས། ༥ ཨིས་ར་ཨེལ་གྱི་རྒྱལ་པོས་ལུང་སྟོན་པ་བཞི་བརྒྱ་བཀུག་ནས་དེ་དག་ལ། ངེད་རཱ་མོད་གིལ་ཨད་ལ་དམག་ཏུ་ཆས་པའི་རིགས་སམ། ཡང་ན་བཤོལ་བའི་རིགས། ཤེས་དྲིས་པ་དང་། དེ་དག་གིས། དམག་ལ་ཕེབས་ཤིག དཀོན་མཆོག་གིས་ཡུལ་དེ་རྒྱལ་པོ་ཁྱེད་ཀྱི་ཕྱག་ཏུ་སྩལ་བར་འགྱུར་རོ། སྨྲས་ནས། ༦ ཡེ་ཧོ་ཤ་ཕད་ཀྱིས། དེ་དག་མ་གཏོགས་པར་གསུང་བརྟག་ཞུ་བའི་ཕྱིར་གཞན་ཡ་ཧོ་ཝཱའི་ལུང་སྟོན་པ་རེ་ཡོད་དམ། དྲིས་པས། ༧ ཨིས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། ད་དུང་ཨིམ་ལཱའི་བུ་མི་ཁ་ཡཱ་བྱ་བའི་མི་གཅིག་ཡོད་དེ་ལས་ངས་ཡ་ཧོ་ཝཱའི་གསུང་བརྟག་ཞུ་བར་ནུས་རུང་། དེས་ང་ལ་ནམ་དུ་ཡང་ལུང་བསྟན་ངན་པ་མིན་པར་བཟང་པོ་མི་སྟོན་པའི་ཕྱིར། ངས་དེ་ལ་སྡང་བར་བྱེད་དོ། སྨྲས་པས། ཡེ་ཧོ་ཤ་ཕད་ཀྱིས། རྒྱལ་པོ། འདི་འདྲ་མ་གསུང་ཞིག་ཅེས་སྨྲས་སོ། ༨ དེ་ནས་ཨིས་ར་ཨེལ་གྱི་རྒྱལ་པོས་ཉུག་རུམ་ཞིག་བོས་ནས་དེ་ལ། མྱུར་དུ་ཨིམ་ལཱའི་བུ་མི་ཁ་ཡཱ་ཁྲིད་ཤོག་ཅེས་བསྒོའོ། ༩ དེའི་དུས་སུ་ཨིས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་པོ་རེ་རང་གི་རྒྱལ་ཁྲི་ལ་རྒྱལ་པོའི་ཆས་སྤྲད་ནས། ས་མར་ཡཱའི་རྟ་སྒོའི་མདུན་གྱི་ས་སྟོང་ཞིག་ལ་བཞུགས་ཏེ། ལུང་སྟོང་པ་ཚང་མས་དེ་གཉིས་ཀྱི་དྲུང་ན་ལུང་སྟོན་གྱིན་ཡོད་དེ། ༡༠ ཀེ་ན་ནཱའི་བུ་ཚེ་དེག་ཡཱས་རང་གི་ཕྱིར་ལྕགས་ཀྱི་རྭ་ཅོ་བཟོས་ནས་འདི་ན་རེ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱེད་ཀྱིས་འདི་དག་དང་མཉམ་དུ་ཨ་རམ་པ་རྣམས་ཚར་དུ་མ་བཅད་པའི་བར་དུ་སྣུན་པར་བྱའོ། ཞེས་སྨྲས་སོ། ༡༡ དེ་བཞིན་དུ་ལུང་སྟོན་པ་ཚང་མས་ཀྱང་ལུང་བསྟན་ཏེ། རཱ་མོད་གིལ་ཨད་ལ་དམག་ཐེགས་ཤིག་དང་། བསམ་དོན་འགྲུབ་པར་འགྱུར། ཡ་ཧོ་ཝཱས་དེ་ནི་རྒྱལ་པོའི་ཕྱག་ཏུ་གཏོད་པར་འགྱུར་རོ། ཞེས་ལུང་བསྟན་ཏོ༎
༡༢ ཡང་མི་ཁ་ཡཱ་འགུག་ཏུ་སོང་བའི་བང་ཆེན་དེས་ཁོང་ལ། གཟིགས་ཤིག ལུང་སྟོན་པ་ཐམས་ཅད་ཁ་མཐུན་ནས། རྒྱལ་པོ་ལ་བཟང་བའི་ལུང་བསྟན་ཏེ། དེ་དག་གི་གསུང་དང་འདྲ་བར་གསུང་པར་མཛོད་ཅིག་ཞུས་ནས། ༡༣ མི་ཁ་ཡཱས་དེ་ལ། ཡ་ཧོ་ཝཱ་གསོན་པོའི་བསྣམས་ཤིག ངའི་དཀོན་མཆོག་གིས་ཅི་གསུང་བ་དེ་ངས་ཟེར་བར་བྱའོ་གསུངས་ནས། ༡༤ རྒྱལ་པོའི་དྲུང་དུ་སླེབས་པའི་ཚེ་ན། རྒྱལ་པོས་དེ་ལ། ཀྱེ་མི་ཁ་ཡཱ། ངེད་རཱ་མོད་གིལ་ཨད་དུ་འཐབ་ཏུ་ཆས་པའི་རིགས་སམ། ཡང་ན་དེ་བཤོལ་བའི་རིགས། ཞེས་དྲིས་ལན་དུ་དེས། དམག་ཐེགས་ཤིག་དང་། དོན་འགྲུབ་པར་འགྱུར། ཁྱེད་ཀྱི་ལག་པའི་ནང་དུ་དེ་ནི་སླེབ་པར་འགྱུར་རོ། སྨྲས་པས། ༡༥ རྒྱལ་པོས་ཡང་སྐྱར་དེ་ལ། ཡ་ཧོ་ཝཱའི་མཚན་གྱི་ནང་དུ་བདེན་པ་མ་གཏོགས་པར། གཞན་ཅི་ཡང་མི་ཟེར་བ། ངས་ཁྱོད་ལ་ལན་ཙམ་དང་ཙམ་དུ་མནའ་འགེལ་བར་བྱ། སྨྲས་པ་དང་། ༡༦ དེ་ན་རེ། ངས་ཨིས་ར་ཨེལ་ཐམས་ཅད་རྫི་བོ་མེད་པའི་ལུག་ལྟར་རི་ལ་ཁྲེ་གཏོར་དུ་ཡོད་པ་མཐོང་། དེ་ནས་ཡ་ཧོ་ཝཱས། འདི་ཚོ་ལ་བདག་པོ་གང་ཡང་མེད་པས། འདི་དག་རེ་རེ་བཞིན་རང་གི་ཁང་པར་ཉེ་ཞོ་མེད་པར་འགྲོ་བའི་རིགས་སོ་ཟེར་བས། ༡༧ ཨིས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། འདིས་ང་ལ་ལུང་བསྟན་ངན་པ་མ་གཏོགས་པར་བཟང་པོ་ཞིག་སྟོན་པར་མི་འགྱུར། ཞེས་ངས་ཁྱེད་ལ་མ་བཤད་དམ། སྨྲས་པ་ལས། ༡༨ ཡང་སྐྱར་དེས། དེ་བས་ན་ཡ་ཧོ་ཝཱའི་གསུང་ལ་ཉོན། ངས་ཡ་ཧོ་ཝཱ་ཁོང་ཉིད་ཀྱི་བཞུགས་ཁྲི་ལ་བཞུགས་པར་མཐོང་བྱུང་། ཁོང་གི་གཡས་གཡོན་དུ་ནམ་མཁའི་ཚོགས་ཚང་མ་ལངས་ཏེ་ཡོད་པ་ཡིན། ༡༩ དེར་ཡ་ཧོ་ཝཱས། ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་དེ་རཱ་མོད་གིལ་ཨད་ལ་དམག་འདྲེན་པ་དང་། དེར་འཕམ་པར་འགྱུར་བའི་ཕྱིར་དུ་སུས་སླུ་བར་བྱ། གསུངས་པ་དང་། སུས་འདི་ལུགས་སུ་སླུ་བར་བྱ། སུས་དེ་ལུགས་སུ་སླུ་བར་བྱའོ། སྨྲས་པ་ལས། ༢༠ མི་མ་ཡིན་ཅིག་ཐོན་ནས། ཡ་ཧོ་ཝཱའི་དྲུང་དུ་འགྲེང་ནས་ཁོང་ལ། ངས་ཁོ་སླུ་བར་བྱ་ཞུས་ནས། ཡ་ཧོ་ཝཱས། ཇི་ལྟར་སླུ་བར་བྱ་གསུངས་པས། ༢༡ དེས་ང་སོང་ནས་རྫུན་ཅན་གྱི་སེམས་ཉིད་ཅིག་བྱས་ཏེ། ཁོའི་ལུང་སྟོན་པ་ཚང་མའི་ཁའི་ནང་དུ་གཞུག་གོ། ཞུས་པ་དང་། ཁོང་གིས་དེ་ལ། ཁྱོད་ཀྱིས་ཁོ་བསླུས་ནས། བློ་བར་ཡང་འགྱུར་བས། སོང་ལ་དེ་བཞིན་དུ་བྱིས་ཤིག་བསྒོའོ། ༢༢ དེའི་ཕྱིར་ད་ལྟོས་ཤིག ཁྱོད་ཀྱི་ལུང་སྟོན་པ་འདི་དག་གི་ཁའི་ནང་དུ་ཡ་ཧོ་ཝཱས་རྫུན་ཅན་གྱི་སེམས་ཉིད་ཅིག་བཅུག་ནས། ཡ་ཧོ་ཝཱས་ཁྱོད་ཀྱི་ཕྱིར་ལུང་བསྟན་ངན་པ་གནང་བ་ཡིན། ཞེས་སྨྲས་པ་དང་།
༢༣ ཀེ་ན་ནཱའི་བུ་ཚེ་དེག་ཡཱ་ཉེ་བར་འོངས་ནས། མི་ཁ་ཡཱ་ལ་འགྲམ་ལྕག་བརྒྱབས་ནས་དེ་ལ། ངའི་ནང་ནས་ཡ་ཧོ་ཝཱའི་ཐུགས་ཉིད་དེ་གང་ལམ་ནས་ཐོན་ཏེ། ཁྱོད་ལ་གཏམ་བྱས་པ་ཡིན། དྲིས་ལན་དུ། ༢༤ མི་ཁ་ཡཱས། ཁྱོད་ཡིབ་ཏུ་ནང་ཁུལ་མའི་ནང་དུ་འགྲོ་བའི་ཉིན་པར་དེ་མཐོང་བར་འགྱུར་གསུངས་སོ། ༢༥ དེ་ནས་ཨིས་ར་ཨེལ་གྱི་རྒྱལ་པོས་མི་ཁ་ཡཱ་བཟུང་སྟེ། གྲོང་དཔོན་ཨ་མོན་དང་རྒྱལ་སྲས་ཡོ་ཨས་ཀྱི་རྩར་ཁྱེར་ནས། དེ་དག་ལ། ༢༦ རྒྱལ་པོས་ན་རེ། ང་ཞི་བདེ་བར་ལོག་རིང་བར་དུ་མི་འདི་བཙོན་རའི་ནང་དུ་བཅུག་སྟེ། སྡུག་ཟན་དང་སྡུག་ཆུ་སྟེར་ཞིག ཅེས་བསྒོའོ། ༢༧ ཡང་མི་ཁ་ཡཱས་དེས་མེད་དུ་ཁྱོད་ཞི་བདེ་བར་ལོག་འོང་ན། ཡ་ཧོ་ཝཱས་ང་རྒྱུད་དེ་ཅིའང་མ་གསུངས་པ་ཡིན། ཟེར་ནས། ཀྱེ་མི་སྡེ་ཚང་མ་ཉོན་ཞིག་སྨྲས་སོ༎
༢༨ དེ་ནས་ཨིས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་ཀྱིས་རཱ་མོད་གིལ་ཨད་ལ་དམག་བཏེགས་ནས། ༢༩ ཨིས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། ངས་ཆས་བསྒྱུར་ཏེ་དམག་ལ་འགྲོའི། ཁྱེད་ཀྱིས་རང་གི་ན་བཟའ་གྱོན་ནས། སྡོད་ཅིག་སྨྲས་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོས་ཆས་བསྒྱུར་ཏེ། དམག་ལ་ཆས་སོ། ༣༠ དེར་ཨ་རམ་གྱི་རྒྱལ་པོས་ཤིང་རྟའི་འགོ་བྱེད་དག་ལ། ཨིས་ར་ཨེལ་གྱི་རྒྱལ་པོ་གཅིག་མ་གཏོགས་པར་ཆེ་ཆུང་གང་ལའང་མ་འཐབས་ཤིག་བསྒོ་བས། ༣༡ ཤིང་རྟའི་འགོ་བྱེད་ཚོས་ཡེ་ཧོ་ཤ་ཕད་མཐོང་བ་དང་། འདི་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་ཡིན་ཟེར་ཏེ། དེ་ལ་འཐབ་ཏུ་དམག་བསྐོར་བཏང་བ་ལས། ཡེ་ཧོ་ཤ་ཕད་ཀྱིས་འོ་དོད་བོས་པ་དང་། ཡ་ཧོ་ཝཱས་སྐྱབས་མཛད་དེ། དཀོན་མཆོག་གིས་དེ་དག་དེའི་མདུན་ནས་བཟློགས་སོ། ༣༢ ཤིང་རྟའི་འགོ་བྱེད་ཚོས་དེ་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་མིན་པར་ཤེས་ནས། དེ་ལ་མ་བདའ་བར་ལོག་སོང་། ༣༣ དེ་ནས་གཅིག་གིས་མདའ་བཏོན་ཏེ། མ་ཟིར་བར་བརྒྱབས་པ་དང་། ཨིས་ར་ཨེལ་གྱི་རྒྱལ་པོའི་གོ་ཁྲབ་ཀྱི་འཐུད་མཚམས་ཀྱི་ནང་དུ་ཕོག་པ་དང་། དེས་རང་གི་ཤིང་རྟ་པ་ལ། ང་སྣད་བྱུང་བས། ཁ་ལོ་སྒྱུར་ཞིང་། ང་དམག་ཁྲོད་ལས་ཕྱི་རོལ་དུ་ཁྱེར་ཞིག་བསྒོའོ། ༣༤ ཉིན་དེ་ལ་དམག་འཐབ་དྲག་ཏུ་སོང་སྟེ། ཨིས་ར་ཨེལ་གྱི་རྒྱལ་པོ་དགོངས་མོའི་བར་དུ་ཤིང་རྟའི་ནང་ན་ཨ་རམ་པའི་ཕྱོགས་སུ་བལྟས་བསྡད་དེ། ཉི་མ་ནུབ་དུས་ཙམ་ལ་ཚེ་འདས་སོ༎