༡༧
དེ་ནས་དེའི་སྲས་ཡེ་ཧོ་ཤ་ཕད་ཀྱིས་དེའི་ཚབ་ཏུ་རྒྱལ་པོ་མཛད་དེ། ཨིས་ར་ཨེལ་པ་ལ་རྒོལ་དུ་རང་གི་སྟོབས་བརྟས་པར་བྱས་ནས། ༢ ལྕགས་རི་དང་ལྡན་པའི་ཡ་ཧུ་དཱའི་གྲོང་ཁྱེར་ཚང་མའི་ནང་དུ་དམག་མི་བཞག་སྟེ། ཡ་ཧུ་དཱ་དང་ཡབ་ཨ་སཱས་བླངས་པའི་ཨེབ་ར་ཨིམ་གྱི་གྲོང་ཁྱེར་ཀུན་ལ་རྫོང་སྲུང་པ་བཞག་གོ། ༣ དེ་ནི་རང་གི་ཡབ་དཱ་བིད་ཀྱི་སྔ་མའི་ལམ་གྱི་ནང་དུ་འགྲུལ་ཏེ། བ་ཨཱལ་རྣམས་མ་བཙལ་བས། ཡ་ཧོ་ཝཱ་ཡེ་ཧོ་ཤ་ཕད་དང་འགྲོགས་པ་ཡིན། ༤ དེས་རང་གི་ཕ་མེས་ཀྱི་དཀོན་མཆོག་བཙལ་ཏེ། ཁོང་གི་བཀའ་རྒྱའི་ནང་དུ་འགྲུལ་ཞིང་། ཨིས་ར་ཨེལ་གྱི་སྤྱོད་པའི་རྗེས་སུ་མ་འབྲངས་སོ། ༥ དེའི་སླད་དུ་ཡ་ཧོ་ཝཱས་དེའི་ལག་ཏུ་རྒྱལ་སྲིད་འཇགས་སུ་བཅུག་པ་དང་། ཡ་ཧུ་དཱ་པ་ཡོད་དོ་ཅོག་གིས་དེ་ལ་ཕྱག་རྟེན་ཕུལ་བས། ནོར་དང་ཞེ་ས་མང་དུ་བརྙེས་སོ། ༦ ཡང་ཡ་ཧོ་ཝཱའི་གཤེགས་ལམ་གྱི་ནང་དུ་འགྲུལ་བའི་སེམས་སྐྱེད་བྱས་ཏེ། ཡ་ཧུ་དཱའི་ནང་ནས་མཐོ་གླིང་དང་ཨ་ཤེ་རཱ་རྣམས་ཚར་དུ་བཅད་དོ༎༧ དེའི་རྒྱལ་སྲིད་ཀྱི་ལོ་གསུམ་པར། རང་གི་སྐུ་དྲག་གི་ནང་ནས་བེན་ཧ་ཨིལ་དང་། ཨོ་བད་ཡཱ་དང་། ཟ་ཀར་ཡཱ་དང་། ནེ་ཐན་ཨེལ་དང་། མི་ཀ་ཡཱ་དང་ལྔ་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལ་ཆོས་སྟོན་དུ་བཏང་སྟེ། ༨ དེ་དག་དང་བཅས་ལེ་ཝི་པ་ལས་ཤེ་མ་ཡཱ་དང་། ནེ་ཐན་ཡཱ་དང་། ཟེ་བད་ཡཱ་དང་། ཨ་ས་ཧེལ་དང་། ཤེ་མི་རཱ་མོད་དང་། ཡོ་ན་ཐན་དང་། ཨ་དོ་ནི་ཡཱ་དང་། ཏོ་བི་ཡཱ་དང་། ཏོབ་ཨ་དོ་ནི་ཡཱ་རྣམས་དང་མཉམ་དུ་བླ་མ་ཨེ་ལི་ཤ་མཱ་དང་ཡོ་རམ་གཉིས་ཀྱང་བརྫངས་སོ། ༩ དེ་ནས་དེ་དག་གིས་ཡ་ཧུ་དཱ་རུ་ཆོས་བསྟན་ཏེ། ཡ་ཧོ་ཝཱའི་བཀའ་ཁྲིམས་ཀྱི་མདོ་ནི་དེ་དག་གིས་བཀུར་ཞིང་། ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ཏུ་རྒྱུ་ཞིང་མི་སྡེ་དེ་ལ་ཆོས་བསྟན་ཏོ༎
༡༠ དེར་ཡ་ཧུ་དཱའི་མཐའ་འཁོར་གྱི་རྒྱལ་ཁག་ཐམས་ཅད་ཀྱི་ཐོག་ཏུ་ཡ་ཧོ་ཝཱའི་འཇིགས་པ་བབས་པའི་རྐྱེན་གྱིས། དེ་ཚང་མས་ཡེ་ཧོ་ཤ་ཕད་ལ་རྩ་ནས་དམག་མ་བཏང་ངོ་། ༡༡ ཕེ་ལེ་ཤེད་པའི་ནང་ནས་འགའ་ཞིག་གིས་ཡེ་ཧོ་ཤ་ཕད་ལ་ཕྱག་རྟགས་དང་དངུལ་ཁྲལ་ཕུལ་བ་ཡིན། ཨ་རཱབ་པས་ཁོང་ལ་ལུག་ཐུག་བདུན་སྟོང་བདུན་བརྒྱ་དང་། ར་ཐུག་བདུན་སྟོང་བདུན་བརྒྱའི་ནག་ཁྱུ་ཕུལ་བྱུང་སྟེ། ༡༢ ཡེ་ཧོ་ཤ་ཕད་ལྷག་པར་དུ་དར་ཏེ། རབ་ཏུ་ཆེན་པོར་གྱུར་བ་དང་། ཡ་ཧུ་དཱའི་ནང་དུ་མཁར་དང་བང་མཛོད་ཀྱི་གྲོང་ཁྱེར་རྣམས་བརྩིགས་ཏེ། ༡༣ ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ཀྱི་ནང་ན་དེའི་དམག་ཟན་མང་པོ་དང་། དམག་མི་དམག་རྩལ་ཅན་མང་པོ་ཡེ་རུ་ཤ་ལེམ་དུ་ཡོད་པ་ཡིན། ༡༤ དེ་དག་གི་ཕ་སྤད་བཞིན་དུ་དེ་རྣམས་ཀྱི་གྲངས་ནི་འདི་ལྟ་སྟེ། ཡ་ཧུ་དཱའི་ནང་ནས་སྟོང་དཔོན་རྣམས་ནི། དམག་དཔོན་ཨད་ནཱ་དང་མཉམ་དུ་དམག་རྩལ་ཆེ་བའི་མི་སུམ་འབུམ། ༡༥ དེའི་འོག་ཏུ་ཡོ་ཧ་ནན་དང་མཉམ་དུ་ཉི་འབུམ་བརྒྱད་ཁྲི། ༡༦ དེའི་འོག་ཏུ་རང་འཐད་ཀྱིས་ཡ་ཧོ་ཝཱའི་དོན་དུ་ལས་བྱེད་དུ་ཞུགས་པའི་ཟིག་རིའི་བུ་ཨ་མས་ཡཱ་དང་མཉམ་དུ་དམག་རྩལ་ཅན་ཉི་འབུམ་ཡོད་པ་ཡིན། ༡༧ བེན་ཡ་མིན་པའི་ནང་ནས་དམག་རྩལ་ཅན་ཨེལ་ཡ་དཱ་དང་མཉམ་དུ་མདའ་གཞུ་དང་ཕུབ་ཆས་སྤྲད་པ་ཉི་འབུམ་ཡོད་པ་ཡིན། ༡༨ དེའི་འོག་ཏུ་ཡོ་ཟ་བད་དང་མཉམ་དུ་དམག་ལ་འགྲོ་ཆོག་ཆོག་ཡོད་པ་ཆིག་འབུམ་བརྒྱད་ཁྲི་ཡོད་པ་ཡིན། ༡༩ རྒྱལ་པོས་ཡ་ཧུ་དཱའི་གྲོང་ཁྱེར་བཙན་པོ་ཚང་མའི་ནང་དུ་བཞག་པ་རྣམས་མ་གཏོགས་པར། རྒྱལ་པོ་ལ་ཞབས་འདེབས་བྱས་པ་རྣམས་ཀྱང་ཡོད་པ་ཡིན་ནོ༎