༡༦
ཨ་སཱའི་རྒྱལ་སྲིད་ཀྱི་ལོ་སོ་དྲུག་པར། ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱས་ཡ་ཧུ་དཱ་ལ་དམག་བཏེགས་ནས། ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་དྲུང་དུ་མི་གང་ཡང་འགྲོ་འོང་གི་འགྲུལ་གཅོད་དུ། རཱ་མཱ་བྱ་བ་བརྩིགས་པ་ལས། ༢ ཨ་སཱས་ཡ་ཧོ་ཝཱའི་ཕོ་བྲང་དང་རྒྱལ་པོའི་ཕོ་བྲང་གི་གཏེར་མཛོད་ཀྱི་ནང་ནས་གསེར་དངུལ་ཕྱུང་སྟེ། ད་མཱ་སེག་ཏུ་གནས་པའི་ཨ་རམ་གྱི་རྒྱལ་པོ་བེན་ཧ་དད་ལ་བསྐུར་ནས་དེ་ལ། ༣ འོ་བུ་ཅག་གཉིས་ཀྱི་བར་དང་། ངའི་ཕ་དང་ཁྱེད་ཀྱི་ཕ་གཉིས་ཀྱི་བར་ན་ཆད་དོན་ཞིག་བྱས་ཏེ་ཡོད་པས། གཟིགས། ད་ངས་ཁྱེད་ལ་གསེར་དང་དངུལ་སྐུར་བས། ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱ་ངའི་མདུན་ལས་འགྲོ་བའི་ཕྱིར། ཁྱེད་ཤོག་ལ། ཁྱེད་ཀྱིས་དེ་དང་མཉམ་དུ་བྱས་པའི་ཆད་དོན་དེ་གཅོག་པར་མཛོད་ཅིག སྨྲས་ནས་སྤྲིངས་པ་དང་། ༤ བེན་ཧ་དད་རྒྱལ་པོ་ཨ་སཱའི་གཏམ་ལ་ཉན་ནས། རང་གི་དམག་དཔུང་སོ་སོའི་དམག་དཔོན་རྣམས་ཨིས་ར་ཨེལ་གྱི་གྲོང་ཁྱེར་རྣམས་སུ་བཏང་ནས། དེ་དག་གིས་ཨི་ཡོན་དང་། དཱན་དང་། ཨ་བེལ་མཱ་ཡིམ་དང་། ནབ་ཐ་ལིའི་གྲོང་ཁྱེར་ཐམས་ཅད་ཀྱི་གཏེར་མཛོད་རྣམས་བཅག་གོ། ༥ དེ་ནས་བ་ཨེ་ཤཱས་གཏམ་དེ་ཐོས་པར་ཙམ་གྱིས། རཱ་མཱའི་མཁར་ལས་གཞག་ནས། ལས་བར་བཅད་དོ། ༦ དེར་རྒྱལ་པོ་ཨ་སཱས་ཡ་ཧུ་དཱ་ཡོད་དོ་ཅོག་ཁྲིད་དེ། བ་ཨེ་ཤཱས་བརྩིགས་པའི་རཱ་མཱའི་རྡོ་བ་དང་གདུང་མ་རྣམས་བསྐྱས་ཏེ། དེ་རྣམས་ལས་དེས་གེ་བཱ་དང་མིས་པཱ་གཉིས་བཞེངས་སོ༎༧ དེའི་དུས་སུ་མངོན་བཤེས་པ་ཧ་ནཱ་ནི་བྱ་བ་དེ་ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་དྲུང་དུ་འོངས་ཏེ་དེ་ལ། ཁྱེད་ཀྱིས་ཨ་རམ་རྒྱལ་པོ་ལ་བློ་བཏད་དེ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བློ་མ་བཏད་པའི་རྐྱེན་གྱིས། ཨ་རམ་གྱི་རྒྱལ་པོའི་དམག་དཔུང་དེ་ཁྱོད་ཀྱི་ལག་པ་ནས་བུད། ༨ ཤིང་རྟ་དང་རྟ་པ་མང་པོ་ཡོད་པའི་ཀུས་པ་དང་ལིབ་ཡཱ་པའི་དམག་ཚོགས་དེ་རབ་ཏུ་ཆེན་པོ་ཞིག་ཡོད་པ་མིན་ནམ། འོན་ཀྱང་ཁྱོད་ཀྱིས་ཡ་ཧོ་ཝཱ་ལ་བློ་བཏད་བཅོལ་བས། ཁོང་གིས་དེ་རྣམས་ཁྱོད་ཀྱི་ལག་ཏུ་བཏད་པ་ཡིན། ༩ གང་ལ་ཞེ་ན། ཁོང་གི་ཕྱོགས་ལ་སྙིང་ཧྲིལ་ཡོད་པ་རྣམས་ལ་ཁོང་ཉིད་ཀྱི་མཐུ་སྟོབས་སྟོན་པའི་ཕྱིར་དུ། ཡ་ཧོ་ཝཱའི་སྤྱན་དེ་ས་གཞི་ཐམས་ཅད་ཀྱི་ནང་དུ་ཕན་ཚུན་ཀུན་ཏུ་རྒྱུག་གོ། དེའི་ནང་དུ་ཁྱོད་ཀྱིས་གླེན་པར་བྱས་པས། ད་ནས་ཕྱིན་དུ་ཁྱོད་ལ་དམག་འཁྲུགས་འབྱུང་བར་འགྱུར་རོ། ཞེས་སྦྲན་པ་དང་། ༡༠ བཀའ་དེའི་ཕྱིར་ཨ་སཱ་ཁྲོས་ནས། མངོན་བཤེས་པ་དེ་ལ་ཁོང་ཁྲོ་སྐྱེས་ཏེ། བཙོན་དུ་བཅུག་སྟེ། དུས་དེ་ཉིད་དུ་ཨ་སཱས་མི་སྡེའི་ནང་ནས་འགའ་ཞིག་སྡུག་བཟོད་ལ་བཏང་ངོ་༎
༡༡ ཨ་སཱའི་བྱ་བ་སྔ་ཕྱི་རྣམས་ནི་ཡ་ཧུ་དཱ་དང་ཨིས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་ནང་ཡི་གེར་བྲིས་ཡོད་དོ། ༡༢ ཡང་ཨ་སཱའི་རྒྱལ་སྲིད་ཀྱི་ལོ་སོ་དགུ་པར། དེའི་རྐང་པ་ན་ཞིང་། ནད་དེ་རབ་ཏུ་རྒྱས་ཀྱང་། དེས་ཡ་ཧོ་ཝཱ་མ་བཙལ་བར། སྨན་པ་རྣམས་བཙལ་ཏོ། ༡༣ དེ་ནས་ཨ་སཱ་རང་གི་ཕ་མེས་དང་མཉམ་དུ་གཉིད་ལོག་ནས། དེས་རྒྱལ་སྲིད་སྐྱོང་བའི་ལོ་ཞེ་གཅིག་པར་ཚེ་ལས་འདས་པ་དང་། ༡༤ དེས་རང་གི་ཕྱིར་དཱ་བིད་ཀྱི་གྲོང་ཁྱེར་དུ་བརྐོས་ཡོད་པའི་དུར་ཁུང་ཞིག་གི་ནང་དུ་བསྐུངས་ཏེ། སྤོས་སྦྱོར་བ་རྣམས་ཀྱིས་སྦྱར་བའི་དྲི་ཞིམ་དང་སྤོས་རིགས་སྣ་འཛོམས་པོས་བཀང་བའི་རོ་སྒམ་གྱི་ནང་དུ་བརྒྱངས་ཏེ། དེ་དག་གིས་ཁོང་གི་ཕྱིར་མེ་ཆེན་པོ་བཏང་ངོ་༎