༡༥
དེ་ནས་ཨོ་དེད་ཀྱི་བུ་ཨ་ཟར་ཡཱ་ལ་དཀོན་མཆོག་གི་ཐུགས་ཉིད་བབས་པ་དང་།  ཨ་སཱ་དང་ཕྲད་དུ་སོང་ནས་དེ་ལ། ཀྱེ་ཨ་སཱ་དང་། ཡ་ཧུ་དཱ་དང་། བེན་ཡ་མིན་ཐམས་ཅད་ཀྱིས་བདག་ལ་གསན་འཚལ། ཁྱོད་ཅག་ཡ་ཧོ་ཝཱ་དང་འགྲོགས་པས། ཁོང་ཡང་ཁྱོད་དང་འགྲོགས་སོ། གལ་ཏེ་ཁྱོད་ཚོས་ཁོང་འཚོལ་ན། ཁྱོད་ཚོ་ལ་ཁོང་རྙེད་པར་འགྱུར་གྱིས། ཁོང་སྤོང་ན། ཁོང་གིས་ཀྱང་ཁྱོད་ཅག་སྤོང་བར་འགྱུར།  ད་དུས་ཡུན་རིང་པོ་ཞིག་ནས་ཨིས་ར་ཨེལ་གྱི་བུ་རྣམས་བདེན་པའི་དཀོན་མཆོག་དང་བྲལ་ཏེ། སློབ་མཁན་གྱི་བླ་མ་དང་བཀའ་ཁྲིམས་མེད་པར་འདུག་ཀྱང་།  སྡུག་བསྔལ་གྱི་ནང་ནས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཕྱོགས་སུ་ལོག་འོངས་ནས། ཁོང་བཙལ་པས། བརྙེད་པ་ཡིན།  དེའི་ཚེ་ན་ཕྱི་རོལ་དུ་འཐོན་པ་དང་། ནང་དུ་འོང་མཁན་གཉིས་པོ་ལ་བློ་བདེ་བ་རྩད་ནས་མེད་པར། ཡུལ་གྱི་ཡུལ་པ་ཚང་མ་ལ་དཀའ་སྡུག་ཆེན་པོ་བྱུང་བ་ཡིན།  དཀོན་མཆོག་གིས་བཀྲ་མི་ཤིས་པ་སྣ་ཚོགས་གནང་བས། མི་བརྒྱུད་ཀྱིས་མི་བརྒྱུད་དང་། གྲོང་ཁྱེར་གྱིས་གྲོང་ཁྱེར་ལ་རྒོལ་བ་ཡིན།  དེ་བས་ན་སྤོབས་པ་གྱིས་ཤིག ཡག་རྩ་མ་ལྷོད་ཅིག ཁྱོད་ཅག་གི་ལས་ལ་རྔན་པ་ཐོབ་པར་འགྱུར་རོ། ཞེས་གདམས་སོ༎
 ཨ་སཱ་ཡིས་གཏམ་དེ་རྣམས་དང་ལུང་སྟོན་པ་ཨོ་དེད་ཀྱི་ལུང་བསྟན་ཐོས་པའི་ཚེ། ཁོང་ལ་སྤོབས་པ་སྐྱེས་ཏེ། ཡ་ཧུ་དཱ་དང་བེན་ཡ་མིན་གྱི་ཡུལ་ཐམས་ཅད་དང་། རི་ཨེབ་ར་ཨིམ་ནས་བླངས་པའི་གྲོང་ཁྱེར་ཐམས་ཅད་ཀྱི་ནང་ནས་ཞེན་ལོག་གི་སྐུ་འདྲ་རྣམས་ཕངས་ནས། ཡ་ཧོ་ཝཱའི་སྒོ་འབྱོར་གྱི་མདུན་དུ་ཡོད་པའི་ཡ་ཧོ་ཝཱའི་མཆོད་ཁྲི་དེ་གསར་ནས་བཟོས་སོ།  ཡང་ཁོང་གིས་ཡ་ཧུ་དཱ་དང་བེན་ཡ་མིན་ཐམས་ཅད་དང་། ཨེབ་ར་ཨིམ་དང་མ་ན་ཤེ་དང་ཤིམ་ཨོན་གྱི་ཁྲོད་ནས་འོངས་པའི་རྒྱལ་ཁམས་པ་རྣམས་བསྡུས་སོ། ཅིའི་ཕྱིར་ཞེ་ན། དེ་དག་གིས་ནི། ཁོང་གི་དཀོན་མཆོག་ཡ་ཧོ་ཝཱ་ཁོང་དང་འགྲོགས་པར་མཐོང་སྟེ། ཨིས་ར་ཨེལ་གྱི་ཁྲོད་ནས་མི་ཤིན་ཏུ་མང་པོ་ཁོང་གི་ཕྱོགས་སུ་འཛོམས་པ་ཡིན། ༡༠ དེ་རྣམས་ཨ་སཱའི་རྒྱལ་སྲིད་ཀྱི་ལོ་བཅུ་ལྔ་པའི་ཟླ་བ་གསུམ་པ་ལ་ཡེ་རུ་ཤ་ལེམ་དུ་འཛོམས་ནས། ༡༡ ཉིན་མོ་དེ་རང་ལ་དེ་དག་གིས་འཁྱེར་འོངས་པའི་བཅོམ་ནོར་གྱི་ནང་ནས་གླང་བདུན་བརྒྱ་དང་། ལུག་བདུན་སྟོང་ཡ་ཧོ་ཝཱ་ལ་མཆོད་པར་ཕུལ་ནས། ༡༢ ཡ་ཧོ་ཝཱ་དེ་དག་གི་ཕ་མེས་ཀྱི་དཀོན་མཆོག་ནི་སྙིང་ཚང་མ་དང་སེམས་ཚང་མ་ནས་འཚོལ་བའི་ཆད་དོན་བྱས་ནས། ༡༣ མཆོག་དམན་དང་། སྐྱེས་པ་བུད་མེད་གང་ཡིན་རུང་། སུས་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱ་ཁོང་མི་འཚོལ་ན། གསོད་རྒྱུ་བྱས་ནས། ༡༤ སྐད་ཆེན་པོ་དང་ཀུ་སྒྲ་བྱེད་ཅིང་། དུང་དང་རྒྱ་གླིང་འབུད་ཀྱིན་ཡ་ཧོ་ཝཱའི་དྲུང་དུ་མནའ་བསྐྱལ་ཏོ། ༡༥ སྙིང་ཚང་མ་ནས་མནའ་དེ་བསྐྱལ་བས། ཡ་ཧུ་དཱ་མཐའ་དག་མནའ་མཐོ་དེའི་ཕྱིར་ཡི་རངས་ཏེ། སྙིང་ཧྲིལ་ནས་ཁོང་བཙལ་བས། བརྙེད་བྱུང་། ཡ་ཧོ་ཝཱས་དེ་རྣམས་ལ་ཕྱོགས་བཞི་ནས་དུས་བདེ་གནང་ངོ་༎
༡༦ དེ་ནས་རྒྱལ་པོ་ཨ་སཱ་ཡིས་རང་གི་མ་མ་ཨ་ཀཱ་བྱ་བ་ནི་རྒྱལ་མོའི་གོ་ས་ལས་ཕབ། ཅིའི་ཕྱིར་ཞེ་ན། དེས་ནི་ཨ་ཤེ་རཱ་ཡི་སྐུ་ཞིག་བཞེངས་པས་སོ། ཨ་སཱ་ཡིས་སྐུ་འདྲ་དེ་བཅག་སྟེ། བརྫིས་ཏེ། ཀིད་རོན་གྱི་ཆུ་བོ་ལ་མེ་ལ་བསྲེགས་སོ། ༡༧ འོན་ཀྱང་ཨིས་ར་ཨེལ་གྱི་ནང་དུ་མཐོ་གླིང་རྣམས་མ་བཤིག་པར་ལུས་མོད། ཨ་སཱ་ཡི་སྙིང་ཚེ་ཐོག་ཐག་རྩེ་གཅིག་ཏུ་གནས་པ་ཡིན། ༡༨ དེས་རང་གི་ཕས་ཕུལ་བ་དང་། རང་གིས་ཕུལ་བའི་གསེར་དངུལ་དང་། མཆོད་རྫས་ཐམས་ཅད་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་བཅུག་པ་ཡིན། ༡༩ ཨ་སཱའི་རྒྱལ་སྲིད་ཀྱི་ལོ་སོ་ལྔའི་བར་དུ་ཡང་དམག་འཁྲུག་མ་བྱུང་ངོ་༎