༡༤
དེ་ནས་ཨ་བི་ཡཱ་རང་གི་ཕ་མེས་དང་ལྷན་ཅིག་ཏུ་མནལ་དུ་སོང་བ་དང་། མི་རྣམས་ཀྱིས་དཱ་བིད་ཀྱི་གྲོང་ཁྱེར་དུ་བསྐུངས་སོ། དེའི་སྲས་ཨ་སཱ་དེའི་ཚབ་ཏུ་རྒྱལ་པོར་གྱུར་ཏེ། དེའི་རིང་དུ་ལོ་བཅུ་ཐུག་ཡུལ་ལ་དུས་བདེ་ཡོད་པ་ཡིན།  ཡང་ཨ་སཱས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་སྤྱན་དྲུང་དུ་ལེགས་པ་དང་རིགས་པ་ཡིན་པའི་ལས་བགྱེས་ཏེ།  ཕྱི་པའི་ལྷ་རྟེན་གྱི་མཆོད་ཁྲི་དང་། མཐོ་གླིང་རྣམས་ཐེན་ཏེ། སྐུ་འདྲ་རྣམས་བཅག་སྟེ། ལྷ་ལྕང་རྣམས་བཅད་ནས།  ཡ་ཧོ་ཝཱ་རང་གི་དཀོན་མཆོག་འཚོལ་བ་དང་། ཁོང་གི་བཀའ་ཁྲིམས་དང་བཀའ་རྒྱ་སྲུང་བའི་ཕྱིར། ཡ་ཧུ་དཱ་ལ་བཀའ་སྩལ་ཏེ།  ཡ་ཧུ་དཱའི་གྲོང་ཁྱེར་ཚང་མའི་ནང་ནས་མཐོ་གླིང་དང་། ཉི་མའི་སྐུ་འདྲ་རྣམས་འཐེན་པར་བྱས། དེའི་དུས་སུ་རྒྱལ་ཁམས་ཀྱི་ནང་དུ་དུས་བདེ་ས་འཇམ་ཡོད་པ་ཡིན།  ཡ་ཧོ་ཝཱས་དེ་ལ་རྣལ་མ་གནང་བའི་ཐབས་ཀྱིས། ཡུལ་ལ་དུས་བདེ་ཡོད་པས། ཡ་ཧུ་དཱ་རུ་གྲོང་ཁྱེར་བཙན་པོ་རྣམས་བརྩིགས།  དེའི་དོན་དུ་དེས་ཡ་ཧུ་དཱ་ལ། ངེད་ཅག་གིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་བཙལ་བཙལ་བ་ལས། ཁོང་གིས་ངེད་ལ་ཕྱོགས་ཀུན་ནས་དུས་བདེ་གནང་བས། ད་དུང་ངེད་ཀྱི་ལག་ཏུ་ཡུལ་ཁམས་ཡོད་རིང་དུ། ངེད་ཀྱིས་གྲོང་ཁྱེར་རྣམས་རྩིག་ཅིང་། དེ་དག་གི་མཐའ་འཁོར་དུ་ལྕགས་རི་དང་། སྤེའུ་དང་། རྟ་སྒོ་དང་། སྒོ་གཏན་བྱེད་པར་བྱའོ། སྨྲས་ནས། དེ་དག་གིས་བརྩིགས་ཏེ། བསམ་དོན་གྲུབ་པར་གྱུར་ཏོ།  ཨ་སཱའི་དམག་མི་ལ་ཡ་ཧུ་དཱའི་ནང་ནས་ཕུབ་དང་མདུང་ཐོགས་མཁན་འབུམ་ཕྲག་གསུམ་དང་། བེན་ཡ་མིན་གྱི་ནང་ནས་ཕུབ་དང་གཞུ་ཐོགས་མཁན་འབུམ་ཕྲག་གཉིས་དང་བརྒྱད་ཁྲི་ཡོད་དེ། དེ་ཐམས་ཅད་དམག་རྩལ་ཅན་ཡོད་པ་ཡིན།
 དེ་ནས་ཀུས་པ་སེ་རག་གིས་དམག་མི་བཅུ་འབུམ་དང་། ཤིང་རྟ་གསུམ་བརྒྱ་བཅས་དེ་དག་ལ་འཐབ་པའི་ཕྱིར། མ་རེ་ཤཱ་རུ་འོངས་པ་དང་། ༡༠ ཨ་སཱ་དེའི་ཕྱོགས་སུ་ཆས་ཏེ། མ་རེ་ཤཱའི་ཙེ་ཕ་ཐཱ་བྱ་བའི་ལུང་པ་རུ་རུ་བསྒྲིགས་ནས། ༡༡ ཨ་སཱ་ཡིས་རང་གི་དཀོན་མཆོག་ཡ་ཧོ་ཝཱ་ལ་འོ་དོད་འབོད་ཅིང་། ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱི་དྲུང་དུ་མང་པོའམ་ཤེད་མེད་གང་ལ་ཡང་ར་མདའ་མཛད་པར་མི་དཀའ་བས། ཀྱེ་ཡ་ཧོ་ཝཱ། བདག་གི་དཀོན་མཆོག བདག་ལ་སྟོངས་གྲོགས་མཛོད་ཅིག གང་ལ་ཞུ་ན། བདག་རྣམས་ཁྱེད་ལ་རེ་ཞིང་། ཁྱེད་ཀྱི་མཚན་བརྗོད་ཅིང་། དམག་དཔུང་འདི་ལ་འཐབ་ཏུ་འགྲོ་བས། ཀྱེ་ཡ་ཧོ་ཝཱ་བདག་ཅག་གི་དཀོན་མཆོག ཁྱེད་ཐོག་མི་རྟག་པའི་མི་རྒྱལ་དུ་མ་ཆུག་ཅིག་ཞུས་པ་ལས། ༡༢ ཡ་ཧོ་ཝཱས་ཨ་སཱ་དང་ཡ་ཧུ་དཱའི་མདུན་དུ་ཀུས་པ་རྣམས་དྲལ་བ་དང་། ཀུས་པ་རྣམས་བྲོས་སོ། ༡༣ ཨ་སཱ་དང་ཁོང་དང་མཉམ་ཡོད་པའི་མི་རྣམས་ཀྱིས་དེ་དག་གེ་རར་གྱི་བར་དུ་བདས་ནས། དེ་དག་ཡ་ཧོ་ཝཱ་དང་ཁོང་གི་དམག་དཔུང་གི་དྲུང་དུ་ཆག་པས། ཀུས་པ་རྣམས་བརྡབས་ནས། གསོན་པོར་མ་ཐར་རོ། འདི་དག་གིས་བཅོམ་ནོར་ཤིན་ཏུ་མང་པོ་འཁྱེར་འོངས་སོ། ༡༤ དེ་དག་གི་ཐོག་ཏུ་ཡ་ཧོ་ཝཱའི་འཇིགས་པ་བབས་པས། འདི་དག་གིས་གེ་རར་འཁོར་གྱི་གྲོང་ཁྱེར་ཚང་མ་འཇོམས་པར་བྱས། དེ་དག་གི་ནང་དུ་བཅོམ་ནོར་དཔག་མེད་ཡོད་པ་དང་། གྲོང་ཁྱེར་དེ་ཚང་མ་བཅོམ་པ་ཡིན། ༡༥ དེ་མ་ཟད། འབྲོག་པའི་རེ་བོ་རྣམས་ཀྱང་བཅོམ་ནས། ལུག་དང་རྔ་མོང་མོད་པོ་ཁྲིད་ནས། ཡེ་རུ་ཤ་ལེམ་དུ་ལོག་གོ།