༡༣
རྒྱལ་པོ་ཡེ་རོབ་ཨམ་གྱིས་རྒྱལ་སྲིད་སྲིད་བྱེད་པའི་ལོ་བཅོ་བརྒྱད་པར། ཨ་བི་ཡཱས་ཡ་ཧུ་དཱའི་རྒྱལ་སྲིད་བསྐྱངས་ཏེ། ༢ ཡེ་རུ་ཤ་ལེམ་དུ་ལོ་གསུམ་རྒྱལ་པོ་མཛད། དེའི་ཡུམ་ནི་གི་བེ་ཨ་པ་ཨུ་རི་ཨེལ་གྱི་སྲས་མོ་མི་ཀ་ཡཱ་བྱ་བའོ༎ཨ་བི་ཡཱ་དང་ཡེ་རོབ་ཨམ་གྱི་བར་ན་དམག་བྱུང་སྟེ། ༣ ཨ་བི་ཡཱས་འདམས་པའི་མི་དམག་རྩལ་ཅན་འབུམ་བཞི་དམག་གི་ཕྱིར་སྤུངས། ཡེ་རོབ་ཨམ་གྱིས་ཀྱང་དེ་དང་འཐབ་པ་ལ་འདམས་པའི་སྐྱེས་པ་དམག་རྩལ་ཅན་འབུམ་བརྒྱད་དམག་གི་ཕྱིར་སྤུངས་སོ། ༤ དེ་ནས་ཨ་བི་ཡཱ་་ཨེབ་ར་ཨིམ་གྱི་རི་བོ་ཚེ་མ་རཱ་ཨིམ་གྱི་ཁར་ལངས་ནས། གཏམ་གླེང་ཞིང་། ཡེ་རོབ་ཨམ་ཁྱོད་དང་། ཨིས་ར་ཨེལ་ཚང་མས་ང་ལ་ཉོན་དང་། ༥ ཡ་ཧོ་ཝཱ་ཨིས་ར་ཨེལ་གི་དཀོན་མཆོག་གིས་ཚྭའི་ཞལ་ཆད་མཛད་དེ། ཨིས་ར་ཨེལ་གྱི་རྒྱལ་སྲིད་དེ་དཱ་བིད་དང་། དེའི་བུ་རྣམས་ལ་དུས་གཏན་གྱི་ཕྱིར་གནང་བ་ནི། ཁྱེད་ཚོས་ཤེས་པའི་མི་རིགས་སམ། ༦ འོན་ཀྱང་དཱ་བིད་ཀྱི་སྲས་ཤ་ལོ་མོའི་བྲན་པོ་ཡིན་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་ལངས་ཏེ། རང་གི་ཇོ་བོ་ལ་ངོ་ལོག་བྱས་ནས། ༧ དེའི་རྩར་སྙིང་པོ་མེད་པའི་བེ་ལི་ཨལ་གྱི་བུ་རྣམས་འདུས། ད་དུང་རེ་ཧབ་ཨམ་ན་སོ་ཕྲ་ལ་སྙིང་ཆུང་ཞིང་། དེ་དག་དང་འགྲན་མི་ནུས་པའི་དུས་སུ། ཤ་ལོ་མོའི་སྲས་རེ་ཧབ་ཨམ་གྱི་དགྲ་རུ་ལངས་པ་ཡིན།
༨ ད་ལྟ་ཁྱོད་ཚོས་དཱ་བིད་ཀྱི་བུ་བརྒྱུད་ཀྱི་ལག་ཏུ་ཡོད་པའི་ཡ་ཧོ་ཝཱའི་རྒྱལ་སྲིད་དེ་ལ་འགྲན་ནུས་སོ་སྙམས་ཏེ། ཁྱོད་ཅག་མི་ཚོགས་ཀྱང་ཆེ། ཡེ་རོབ་ཨམ་གྱིས་ཁྱོད་ཚོའི་ལྷ་རྟེན་གྱི་ཕྱིར་བཟོས་པའི་གསེར་གྱི་བེའུ་དེ་གཉིས་ཀྱང་ཁྱོད་ཅག་དང་མཉམ་དུ་འདུག ༩ ཡ་ཧོ་ཝཱའི་བླ་མ་ཡིན་པའི་ཨ་རོན་གྱི་བུ་རྣམས་དང་ལེ་ཝི་པ་རྣམས་ཁྱོད་ཅག་གིས་བསྐྲད་པ་མིན་ནམ། ཡང་ས་གཞིའི་གཞན་མི་བརྒྱུད་སོ་སོའི་ལུགས་སུ་ཁྱོད་ཅག་གི་ཕྱིར་བླ་མ་བྱས་པ་མིན་ནམ། སུས་ཀྱང་གླང་གཅིག་དང་ལུག་ཐུག་བདུན་ཁྲིད་དེ། དེ་རང་དམ་པར་བྱེད་དུ་འོང་ན། དཀོན་མཆོག་མིན་པའི་བླ་མར་འགྱུར་བར་བཅུག་པ་མིན་ནམ། ༡༠ འོན་ཀྱང་ང་རྣམས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལགས། ང་ཚོས་ཁོང་མ་སྤངས་ཏེ། ཡ་ཧོ་ཝཱ་ལ་རིམ་གྲོ་བྱེད་པའི་བླ་མ་ལ་ཨ་རོན་གྱི་བུ་རྣམས་བཞག ལེ་ཝི་པ་རྣམས་རེ་རང་གི་ལས་སྣེར་ཡོད། ༡༡ དེ་དག་གིས་ནང་རེ་དགོངས་རེ་བཞིན་དུ་ཡ་ཧོ་ཝཱ་ལ་སྦྱིན་སྲེག་དང་དྲི་བསུང་གི་སྤོས་བདུགས། ལྕོག་ཙེ་དམ་པའི་ཁར་སྤྱན་གཟིགས་ཀྱི་བག་ལེབ་བསྒྲིགས། དགོངས་རེ་བཞིན་གསེར་གྱི་རྐྱོང་སྟེགས་ཀྱི་རྐྱོང་ཙེ་རྣམས་སྤར། ཅི་ལ་ཞེ་ན། ང་ཚོས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་སྲུང་བའི་ཕྱིར་རོ། འོན་ཀྱང་ཁྱོད་ཚོས་ཁོང་སྤངས་སོ། ༡༢ ཡང་ལྟོས་ཤིག ང་ཚོའི་དམག་དཔོན་དུ་དཀོན་མཆོག་ཁོང་ཉིད་ང་ཚོ་དང་འགྲོགས། ཁྱོད་རྣམས་ལ་ཅ་ཅོ་སྒྲོག་ཏུ་ཁོང་གི་བླ་མ་དག་གིས་རྒྱ་དུང་འབུད་པར་བྱེད། ཀྱེ་ཨིས་ར་ཨེལ་གྱི་བུ་རྣམས། ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་ལ་མ་རྒོལ་ཞིག རྒོལ་ན། རྩད་ནས་གོ་ཆོད་པར་མི་འགྱུར་རོ། ཞེས་གདམས་མོད།
༡༣ ཡེ་རོབ་ཨམ་གྱིས་དེ་དག་གི་རྒྱབ་ཏུ་རྐུན་དམག་ཅིག་བཏང་བ་དང་། ཁོ་རང་ནི་ཡ་ཧུ་དཱའི་མདུན་དུ་དང་། རྐུན་དམག་དེ་ནི་རྒྱབ་ཏུ་ཡོད་པ་ཡིན། ༡༤ དེ་ནས་ཡ་ཧུ་དཱ་པས་ཕྱི་མིག་བལྟས་པ་དང་། རྒྱབ་མདུན་གཉིས་པོར་དགྲ་ཡོད་པར་མཐོང་ནས། ཡ་ཧོ་ཝཱ་ལ་འོ་དོད་བཏང་ནས། བླ་མ་རྣམས་ཀྱིས་རྒྱ་དུང་ཕུས་ནས། ༡༥ ཡ་ཧུ་དཱ་པ་རྣམས་ཀྱིས་ང་རོ་བསྒྲགས་ཏེ་ཀུ་སྒྲ་བརྒྱབ་པ་ཙམ་གྱིས། ཨ་བི་ཡཱ་དང་ཡ་ཧུ་དཱའི་མདུན་དུ། ཡེ་རོབ་ཨམ་དང་ཨིས་ར་ཨེལ་ཚང་མ་དཀོན་མཆོག་གིས་བཀུམ་པས། ༡༦ ཡ་ཧུ་དཱའི་མདུན་ནས་ཨིས་ར་ཨེལ་པ་རྣམས་བྲོས་སོང་སྟེ། དཀོན་མཆོག་གིས་དེ་རྣམས་ཡ་ཧུ་དཱ་པའི་ལག་ཏུ་བཏད་དོ། ༡༧ དེ་ནས་ཨ་བི་ཡཱ་དང་དེའི་མི་རྣམས་ཀྱིས་དེ་དག་གི་ནང་ནས་མང་པོ་བསད་དེ། ཨིས་ར་ཨེལ་གྱི་སྐྱེས་པ་འདམས་པ་འབུམ་ཕྲག་ལྔ་ཤིའོ། ༡༨ དེ་ལྟར་ཡ་ཧུ་དཱས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བློ་གདེང་བཅོལ་བས་རྒྱལ་བྱུང་། ཨིས་ར་ཨེལ་པ་རྣམས་དེའི་དུས་སུ་ཕམ་ནས། ༡༩ ཨ་བི་ཡཱས་ཡེ་རོབ་ཨམ་ལ་བདས་ཏེ། གྲོང་ཁྱེར་བེད་ཨེལ་དང་དེའི་ཡུལ་ཚོ་རྣམས་དང་། ཡེ་ཤཱ་ནཱ་དང་དེའི་ཡུལ་ཚོ་རྣམས་དང་། ཨེབ་རོན་དང་དེའི་ཡུལ་ཚོ་རྣམས་དེའི་ལག་ནས་བླངས་སོ། ༢༠ ཨ་བི་ཡཱའི་སྐུ་རིང་དུ་ཡེ་རོབ་ཨམ་ལ་སྔར་གྱི་སྟོབས་དེ་སླར་བརྙེད་མ་བྱུང་བའི་ཁར། ཡ་ཧོ་ཝཱས་དེ་ལ་བརྡུངས་པས་ཤིའོ། ༢༡ ཡང་ཨ་བི་ཡཱ་ཤུགས་ཆེར་སོང་ནས། ཆུང་མ་བཅུ་བཞི་བླངས་ཏེ། སྲས་ཉེར་གཉིས་དང་། སྲས་མོ་བཅུ་དྲུག་སྐྱེས་སོ། ༢༢ ཨ་བི་ཡཱ་ཡི་གཞན་བྱ་བ་རྣམས་དང་། ལས་དང་། གཏམ་གླེང་རྣམས་ནི་ལུང་སྟོན་པ་ཨིད་དོའི་དགོངས་འགྲེལ་གྱི་མདོ་རུ་བྲིས་ཏེ་མི་འདུག་གམ༎