༡༢
དེ་ནས་ཅི་བྱུང་ཞེ་ན། རེ་ཧབ་ཨམ་གྱི་རྒྱལ་སྲིད་ལ་སྲད་ཆགས་ནས། ཤུགས་ཅན་སོང་བའི་ཚེ་ན། དེ་དང་མཉམ་དུ་ཨིས་ར་ཨེལ་ཚང་མས་ཡ་ཧོ་ཝཱའི་བཀའ་རྒྱ་སྤངས་སོ།  དེ་ནས་རྒྱལ་པོ་རེ་ཧབ་ཨམ་གྱི་ལོ་ལྔ་པར། མི་སེར་རྒྱལ་པོ་ཤི་ཤཱག་གིས་ཡེ་རུ་ཤ་ལེམ་ལ་དམག་དྲངས། གང་ལ་ཞེ་ན། དེ་དག་གིས་ཡ་ཧོ་ཝཱའི་དྲུང་དུ་ཉེས་སྡིག་སྤྱད་པའི་ཕྱིར་རོ།  དེ་དང་ལྷན་ཅིག་ཏུ་མི་སེར་ནས་ཐོན་པའི་ཤིང་རྟ་ཆིག་སྟོང་ཉིས་བརྒྱ་དང་། རྟ་པ་དྲུག་ཁྲི་དང་། ལིབ་ཡཱ་པ་དང་། སུག་པ་དང་། ཀུས་པའི་མི་གྲངས་མེད་ཡོད་པས།  དེས་ཡ་ཧུ་དཱའི་གྲོང་ཁྱེར་བཙན་པོ་རྣམས་བླངས་ཏེ། ཡེ་རུ་ཤ་ལེམ་དུ་འོངས་སོ།  དེ་ནས་ལུང་སྟོན་པ་ཤེ་མ་ཡཱས་རེ་ཧབ་ཨམ་དང་། ཤི་ཤཱག་གིས་རྐྱེན་བྱས་ནས་ཡེ་རུ་ཤ་ལེམ་དུ་འདུས་པའི་ཡ་ཧུ་དཱའི་སྐུ་དྲག་རྣམས་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཚོས་ང་སྤངས་པས། ངས་ཀྱང་ཁྱོད་ཚོ་ཤི་ཤཱག་གི་ལག་ཏུ་འཁད་བཅུག་པ་ཡིན། ཞེས་གསུང་ངོ་སྨྲས་པ་ལས།  ཨིས་ར་ཨེལ་གྱི་སྐུ་དྲག་རྣམས་དང་རྒྱལ་པོས་སྙེམས་ཆུང་བྱས་ཏེ། ཡ་ཧོ་ཝཱ་ལ་ཐུགས་མད་ཅེས་ཞུས་ཏེ།  ཡ་ཧོ་ཝཱས་ནི། དེ་དག་གིས་སྙེམས་ཆུང་བྱེད་པར་གཟིགས་པ་དང་། ཤེ་མ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། དེ་དག་གིས་སྙེམས་ཆུང་བྱེད་པས་ན། ངས་དེ་དག་མེད་པར་མི་བྱ་བར། རིང་མི་ཐོགས་པར་སྒྲོལ་བར་བྱ་བས། ཤི་ཤཱག་བརྒྱུད་ངས་ཡེ་རུ་ཤ་ལེམ་གྱི་ཐོག་ཏུ་ཉིད་ཀྱི་ཁོང་ཁྲོ་མི་དབབ།  འོན་ཀྱང་དེ་ཚོས་ངའི་གཡོག་བྱེད་པ་དང་། སའི་རྒྱལ་པོ་སོ་སོའི་གཡོག་བྱེད་པའི་དབྱེ་བ་རྟོགས་པའི་སླད་དུ། ངས་དེ་དག་དེའི་བྲན་པོར་བྱའོ་གསུང་ངོ་། ཞེས་སྦྲན་ཏོ༎
 མི་སེར་རྒྱལ་པོ་ཤི་ཤཱག་གིས་ཡེ་རུ་ཤ་ལེམ་ལ་དམག་བརྒྱབས་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་དཀོར་མཛོད་རྣམས་དང་། རྒྱལ་ཁབ་ཀྱི་གཏེར་མཛོད་བཅོམ་ཁྱེར་ཏེ། ཚང་མ་ཕྲོགས་ནས། རྒྱལ་པོ་ཤ་ལོ་མོས་བཟོས་པའི་གསེར་གྱི་ཕུབ་ཀུན་ཡང་ཁྱེར་བས། ༡༠ རྒྱལ་པོ་རེ་ཧབ་ཨམ་གྱིས་དེ་དག་གི་ཚབ་ཏུ་ར་གན་གྱི་ཕུབ་བཟོས་ནས། རྒྱལ་པོའི་ཕོ་བྲང་གི་སྒོ་པའི་སྒོ་དཔོན་གྱི་ལག་ཏུ་བཏད་དེ་བཞག་གོ། ༡༡ རྒྱལ་པོ་ནི་ཡ་ཧོ་ཝཱའི་ཕོ་བྲང་དུ་འགྲོ་དུས་སུ། སྐུ་བསྲུང་པ་དག་འོངས་ནས། དེ་དག་ཐོགས་ཏེ། སླར་སྒོ་བསྲུང་པའི་ནང་མིག་ཏུ་བཞག་པ་ཡིན། ༡༢ དེས་སྙེམས་ཆུང་བྱས་པས། དེ་ལས་ཡ་ཧོ་ཝཱ་ཡི་ཐུགས་ཁྲོ་ཞི་བར་གྱུར་པས། དེ་རྩད་ནས་མེད་པར་མ་མཛད། དེ་མ་ཟད། ཡ་ཧུ་དཱའི་ནང་དུའང་བཟང་པོ་རེ་ཡོད་པ་ཡིན།
༡༣ དེའི་ལུགས་སུ་རྒྱལ་པོ་རེ་ཧབ་ཨམ་གྱིས་རང་ལ་ཤེད་བཅུག་ནས། ཡེ་རུ་ཤ་ལེམ་དུ་རྒྱལ་སྲིད་མཛད། རེ་ཧབ་ཨམ་ནི་རྒྱལ་པོ་མཛད་དུས་སུ་ལོ་བཞི་བཅུ་ཞེ་གཅིག་ལོན་ཡོད་དེ། ཡ་ཧོ་ཝཱས་ཉིད་ཀྱི་མཚན་འཇོག་པའི་དོན་དུ་ཨིས་ར་ཨེལ་གྱི་སྡེ་ཚང་མའི་ནང་ནས་འདམས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་ལོ་བཅུ་བདུན་རྒྱལ་སྲིད་མཛད་དོ། དེའི་ཡུམ་ནི་ཨམ་མོན་མ་ན་ཨ་མཱ་བྱ་བ་དེ་ཡིན། ༡༤ དེས་ཡ་ཧོ་ཝཱ་འཚོལ་དུ་སྙིང་མ་བཏང་བར། བྱ་བ་ངན་པ་སྤྱད་པ་ཡིན།
༡༥ རེ་ཧབ་ཨམ་གྱི་བྱ་བ་སྔ་ཕྱི་རྣམས་ལུང་སྟོན་པ་ཤེ་མ་ཡཱའི་མདོ་དང་། མངོན་བཤེས་པ་ཨིད་དོའི་གདུང་རབས་ཀྱི་མདོ་ནས་བྲིས་པ་མི་གདའ་འམ། རེ་ཧབ་ཨམ་དང་ཡེ་རོབ་ཨམ་གཉིས་ཀྱིས་དུས་རྒྱུན་དུ་འཐབ་འཁྲུགས་བརྒྱབ་ཀྱིན་མཆིས། ༡༦ དེ་ནས་རེ་ཧབ་ཨམ་རང་གི་ཕ་མེས་དང་མཉམ་དུ་གཉིད་དུ་སོང་བ་དང་། དཱ་བིད་ཀྱི་གྲོང་ཁྱེར་དུ་བསྐུངས་སོ། དེའི་སྲས་ཨ་བི་ཨཱས་དེའི་ཚབ་ཏུ་རྒྱལ་སྲིད་བསྐྱངས་སོ༎