༡༡
དེ་ནས་རེ་ཧབ་ཨམ་་ཡེ་རུ་ཤ་ལེམ་དུ་སླེབས་པའི་ཚེ་ན། ཤ་ལོ་མོའི་སྲས་རེ་ཧབ་ཨམ་ལ་རྒྱལ་སྲིད་དེ་སླར་རྙེད་དུ་ཨིས་ར་ཨེལ་ལ་གཡུལ་འགྱེད་པའི་ཕྱིར་དུ། དེས་ཡ་ཧུ་དཱ་དང་བེན་ཡ་མིན་གྱི་ཕ་སྤད་ཐམས་ཅད་ཀྱི་ནང་ནས། དམག་རྩལ་དང་ལྡན་པའི་གཞོན་ནུ་ཆིག་འབུམ་བརྒྱད་སྟོང་བསགས་པ་དང་།  དཀོན་མཆོག་གི་སྐྱེས་བུ་ཤེ་མ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ཡ་ཧུ་དཱའི་རྒྱལ་པོ་ཤ་ལོ་མོའི་སྲས་རེ་ཧབ་ཨམ་དང་། ཡ་ཧུ་དཱ་དང་བེན་ཡ་མིན་གཉིས་ཀྱི་ཁྲོད་དུ་ཡོད་པའི་ཨིས་ར་ཨེལ་ཚང་མ་ལ་འདི་སྦྲོན་པར་བྱོས།  ཡ་ཧོ་ཝཱས་འདི་ལྟར་གསུང་། ཁྱོད་ཚོས་དམག་མ་ཐེགས་ཤིག རང་གི་སྤུན་ཟླ་ལ་དམག་མ་རྒྱབ་ཅིག བྱ་བ་འདི་ངའི་ཕྱོགས་ལས་བྱུང་བས། རེ་རང་གི་ཁྱིམ་དུ་ལོག་སོང་ཞིག གསུང་ངོ་སྨྲས་པ་དང་། དེ་ཚོས་ཡ་ཧོ་ཝཱའི་བཀའ་དང་དུ་བླངས་ཏེ། ཡེ་རོབ་ཨམ་ལ་འཐབ་ཏུ་འགྲོ་བ་བཤོལ་ཏོ༎
 རེ་ཧབ་ཨམ་་ཡེ་རུ་ཤ་ལེམ་དུ་བསྡད་དེ། ཡ་ཧུ་དཱ་ཡུལ་དུ་ལྕགས་རི་དང་ལྡན་པའི་གྲོང་ཁྱེར།  བེད་ལེ་ཧེམ་དང་ཨེ་ཏམ་དང་། ཏེ་ཀོ་ཨ་དང་།  བེད་ཙུར་དང་། སོ་ཀོ་དང་། ཨ་དུལ་ལམ་དང་།  གད་དང་། མ་རེ་ཤཱ་དང་། སིབ་དང་།  ཨ་དོར་ཨིམ་དང་། ལཱ་ཁིས་དང་། ཨ་ཟེ་ཀཱ་དང་། ༡༠ ཙོ་རཱ་དང་། ཨ་ཡ་ལོན་་ཧེབ་རོན་དང་བཅས་པ་བཅོ་ལྔ་བརྩིགས་སོ། དེ་རྣམས་ནི་ཡ་ཧུ་དཱ་དང་བེན་ཡ་མིན་གྱི་གྲོང་ཁྱེར་བཙན་པོའོ། ༡༡ དེས་རྫོང་བཙན་པོ་དེ་རྣམས་བརྟན་པོར་བྱས་ཏེ། དེ་དག་གི་ནང་དུ་དམག་དཔོན་དང་། ཟ་རྒྱགས་དང་། འབྲུ་མར་དང་། རྒུན་ཆང་བཞག་པ་ཡིན། ༡༢ གྲོང་ཁྱེར་སོ་སོའི་ནང་དུ་ཕུབ་དང་མདུང་བགོས་བཏང་ནས། རབ་ཏུ་བརྟན་པོར་བྱས་སོ། ཡང་ཡ་ཧུ་དཱ་དང་བེན་ཡ་མིན་གཉིས་ནི་དེའི་ཕྱོགས་པར་ཡོད་པ་ཡིན།
༡༣ ཡང་ཨིས་ར་ཨེལ་ཡུལ་ཀུན་ཏུ་ཡོད་པའི་བླ་མ་དང་ལེ་ཝི་པ་རྣམས་རེ་རང་གི་ས་མཚམས་ཐམས་ཅད་ལས་དེའི་དྲུང་དུ་འོངས་ཏེ། ༡༤ ཡེ་རོབ་ཨམ་དང་དེའི་བུ་རྣམས་ཀྱིས་ལེ་ཝི་པ་རྣམས་ཡ་ཧོ་ཝཱའི་དྲུང་དུ་བླ་མའི་ལས་བྱེད་དུ་མ་བཅུག་པར་བཏོན་པས། དེ་དག་གིས་རང་གི་ནོར་སྐལ་དང་ཞིང་ཁང་ཕངས་ཏེ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་འོངས་སོ། ༡༥ ཡང་མི་དེས་མཐོ་གླིང་དང་། བདུད་དང་། དེ་དག་གིས་བཟོས་པའི་བེའུ་རྣམས་ཀྱི་ཕྱིར་བླ་མ་རྣམས་བཞག་པ་དང་། ༡༦ ལེ་ཝི་པའི་ཕྱི་བཞིན་དུ་ཨིས་ར་ཨེལ་གྱི་སྡེ་ཀུན་གྱི་ནང་ནས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་འཚོལ་དུ་སྙིང་བཏང་བ་རྣམས་ཀྱིས་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་ལ་མཆོད་པ་འབུལ་བའི་ཕྱིར་དུ་ཡེ་རུ་ཤ་ལེམ་དུ་འོངས་ནས། ༡༧ ཡ་ཧུ་དཱའི་རྒྱལ་སྲིད་དེ་ཤེད་ཅན་བྱས། ཤ་ལོ་མོའི་སྲས་རེ་ཧབ་ཨམ་ལ་ཡང་ལོ་གསུམ་གྱི་བར་དུ་ཤེད་བཅུག་གོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལོ་གསུམ་ཐུག་དཱ་བིད་དང་ཤ་ལོ་མོའི་ལམ་བཞིན་དུ་དོང་བ་ཡིན་ནོ༎
༡༨ ཡང་རེ་ཧབ་ཨམ་གྱིས་དཱ་བིད་ཀྱི་སྲས་ཡེ་རི་མོད་ཀྱི་སྲས་མོ་མ་ཧ་ལད་བྱ་བ་དང་། ཨི་ཤཱ་ཡི་སྲས་ཨེ་ལི་ཨབ་ཀྱི་སྲས་མོ་ཨ་བི་ཧ་ཨིལ་གཉིས་པོ་ཁབ་ཏུ་བཞེས་ཏེ། ༡༩ དེ་དང་བར་ལ་དེ་ལ་སྲས་ཡེ་ཨུས་དང་། ཤེ་མར་ཡཱ་དང་། ཟ་ཧམ་བྱ་བ་དང་གསུམ་བྱོར། ༢༠ དེའི་འོག་ཏུ་ཨབ་ཤ་ལོམ་གྱི་སྲས་མོ་མ་ཨ་ཀཱ་བཞེས་པ་དང་། དེ་དང་བར་ལ་ཨ་བི་ཡཱ་དང་། ཨད་ཐཱ་ཨི་དང་། ཟི་ཟཱ་དང་། ཤེ་ལོ་མིད་དང་བཞི་བྱོར། ༢༡ རེ་ཧབ་ཨམ་གྱིས་རང་གི་ཆུང་མ་དང་བྱན་ཆུང་ཀུན་པས་ཨབ་ཤ་ལོམ་གྱི་སྲས་མོ་མ་ཨ་ཀཱ་གཅེས་པར་བཟུང་བ་ཡིན། དེ་ལ་ཆུང་མ་བཅོ་བརྒྱད་དང་། བྱན་ཆུང་དྲུག་ཅུ་ཡོད་པ་ལས། བུ་ཉེར་བརྒྱད་དང་བུ་མོ་དྲུག་ཅུ་སྐྱེས་པ་ཡིན། ༢༢ དེ་ནས་རེ་ཧབ་ཨམ་གྱིས་མ་ཨ་ཀཱའི་སྲས་ཨ་བི་ཡཱ་བྱ་བ་དེ་རྒྱལ་པོར་འགྱུར་དུ་རང་གི་སྤུན་རྣམས་ཀྱི་དཔོན་པོ་བྱེད་དུ་ཇོ་བོར་བཞག་ནས། ༢༣ དེས་མཁས་པར་བྱས་ཏེ། རང་གི་སྲས་ཚང་མ་ནི་ཡ་ཧུ་དཱ་དང་བེན་ཡ་མིན་གྱི་གྲོང་ཁྱེར་བཙན་པོ་རེ་རེའི་ནང་དུ་སོ་སོར་བཞག་ནས། དེ་དག་ལ་ཟ་རྒྱགས་མོད་པོ་བཏང་སྟེ། མནའ་མ་དུ་མ་བླངས་པ་ཡིན་ནོ༎