༡༣
ཤ་ཨུལ་གྱིས་རྒྱལ་སྲིད་འཛིན་པའི་དུས་སུ་ལོ་[སུམ་ཅུ་]ལོན་ཡོད་དེ། ཁོང་གིས་ལོ་གཉིས་ཨིས་ར་ཨེལ་ལ་སྲིད་བྱས་སོ། ༢ ཤ་ཨུལ་གྱིས་ཁོང་རང་གི་དོན་དུ་ཨིས་ར་ཨེལ་གྱི་ནང་ནས་མི་སྟོང་གསུམ་འདམས་ཏེ། དེའི་ནང་ནས་མི་སྟོང་གཉིས་ཤ་ཨུལ་དང་མཉམ་དུ་མིག་མས་དང་བེད་ཨེལ་གྱི་རི་ལ་གནས་ཤིང་། མི་སྟོང་གཅིག་ཡོ་ན་ཐན་དང་མཉམ་དུ་བེན་ཡ་མིན་གྱི་གི་བེ་ཨ་རུ་གནས་སོ། དེ་ནས་ལུས་པའི་མི་རྣམས་ནི་རེ་རེ་རང་གི་གུར་དུ་ལོག་སྟེ་བཏང་ངོ་། ༣ དེ་ནས་ཡོ་ན་ཐན་གྱིས་ཕེ་ལེ་ཤེད་པའི་སོ་པ་གེ་བཱ་རུ་གནས་པ་རྣམས་བསད་པས། ཕེ་ལེ་ཤེད་པ་རྣམས་ཀྱིས་དེ་ལྟ་བུའི་ལོན་ཐོས་སོ། ཡང་ཤ་ཨུལ་གྱིས་ཡུལ་ཐམས་ཅད་དུ་དུང་འབུད་ཅིང་སྨྲས་པ། ཨིབ་རི་པ་རྣམས་ཀྱིས་ཐོས་སུ་ཆུག་ཅིག ༤ ཤ་ཨུལ་གྱིས་ཕེ་ལེ་ཤེད་པའི་སོ་པ་བསད་པས། ཨིས་ར་ཨེལ་ནི་ཕེ་ལེ་ཤེད་པའི་མདུན་དུ་སྐྱུག་བྲོ་བོར་གྱུར་བར་ཨིས་ར་ཨེལ་ཐམས་ཅད་ཀྱིས་ཐོས་སོ། དེ་ནས་མི་ཐམས་ཅད་ཤ་ཨུལ་གྱི་རྗེས་སུ་འབྲང་བའི་ཕྱིར་གིལ་གལ་དུ་འཛོམས་སོ༎༥ ཡང་ཕེ་ལེ་ཤེད་པ་རྣམས་ནི་ཨིས་ར་ཨེལ་ལ་དམག་རྒྱབ་པར་འཛོམ་སྟེ། དེ་རྣམས་ཀྱི་གྲངས་ནི། དམག་གི་ཤིང་རྟ་སྟོང་གསུམ་དང་། རྟ་དམག་སྟོང་དྲུག་དང་། རྐང་ཐང་པ་ནི་རྒྱ་མཚོའི་མཐའ་རུ་ཡོད་པའི་བྱེ་མ་དང་འདྲ་བར་གྱུར་ཏོ། དེ་རྣམས་ཡར་འོངས་ནས། བེད་ཨ་ཝེན་གྱི་ཤར་ཕྱོགས་སུ་མིག་མས་སུ་གུར་ཕུབ་བོ། ༦ ཨིས་ར་ཨེལ་གྱི་མི་རྣམས་ཀྱིས་སྡུག་བསྔལ་འབྱུང་བར་ཤེས་པའི་ཚེ། འཚེར་བར་གྱུར་ཏེ། མི་ཐམས་ཅད་བྲག་ཕུག་དང་། ཚེར་ཕུང་དང་། བྲག་དང་། མཁར་ཁུང་དང་། ས་ཁུང་གི་ནང་དུ་ཡིབ་ཏུ་སོང་ངོ་། ༧ ཡང་ཨིབ་རི་པའི་ནང་ནས་འགའ་ཞིག་ཡོར་དན་གཙང་པོ་རྒྱུད་དེ། གད་དང་གིལ་ཨད་དུ་སོང་སྟེ། ཤ་ཨུལ་ནི་གིལ་གལ་དུ་གནས་ཤིང་། མི་ཐམས་ཅད་འདར་གྱིན་དང་ཁོང་གི་རྗེས་སུ་འབྲངས་སོ༎
༨ ཡང་ཤ་མུ་ཨེལ་གྱིས་བཀའ་སྩལ་པ་བཞིན་དུ་ཞག་བདུན་གྱི་བར་དུ་དེ་རུ་འགོར་ཞིང་བསྡད་པའི་ཚེ། ཤ་མུ་ཨེལ་ནི་གིལ་གལ་དུ་ད་དུང་མ་ཕེབས་པས། མི་རྣམས་ནི་ཁོང་གི་ཕྱོགས་ནས་འཐོར་བར་གྱུར་ཏོ། ༩ དེའི་ཕྱིར་ཤ་ཨུལ་གྱིས། སྦྱིན་སྲེག་དང་ཞི་བདེའི་མཆོད་པ་གཉིས་ངའི་མདུན་དུ་ཁུར་ཤོག་ཅེས་བསྒོ་བས། སྦྱིན་སྲེག་གི་མཆོད་པ་ཕུལ་ཏོ། ༡༠ ཡང་འདི་ལྟར་བྱུང་། ཤ་ཨུལ་གྱིས་སྦྱིན་སྲེག་ཕུལ་ཟིན་པར་ཙམ་གྱིས། ཤ་མུ་ཨེལ་ཕེབས་པས། ཤ་ཨུལ་ཁོང་མཇལ་དུ་ཕྱིན་ནས། ཕྱག་ཕུལ་ཏོ། ༡༡ དེར་ཤ་མུ་ཨེལ་གྱིས། ཁྱོད་ཀྱིས་ཅི་བྱས་པ་ཡིན། ཞེས་འདྲིས་པས། ཤ་ཨུལ་གྱིས། མི་ཐམས་ཅད་ངའི་ཕྱོགས་ནས་འཐོར་བར་གྱུར་པ་དང་། ཁྱེད་ནི་སྔོན་དུ་བསྟན་པའི་ཞག་ཆད་ལ་ཕེབས་པ་མ་ཡིན། ཕེ་ལེ་ཤེད་པ་རྣམས་མིག་མས་ན་འཛོམས་སོ། ༡༢ དེའི་ཕྱིར་ངས་འདི་ལྟར་སྨྲས་པ་ཡིན། བདག་ཅག་གིས་ཡ་ཧོ་ཝཱ་ལ་གསོལ་བ་མ་བཏབ་པའི་སྔོན་དུ་ཕེ་ལེ་ཤེད་པ་རྣམས་གིལ་གལ་དུ་བདག་གི་ཐོག་ཏུ་སླེབ་པར་འགྱུར། དེའི་ཕྱིར་བདག་གིས་སྤོབས་པ་བསྐྱེད་དེ། སྦྱིན་སྲེག་ཕུལ་བ་ཡིན། ཞེས་ཞུས་པས། ༡༣ ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། ཁྱོད་ཀྱིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གིས་གནང་བའི་བཀའ་མ་སྲུངས་ཤིང་། གླེན་པའི་ལུགས་སུ་བྱས་པ་ཡིན། སྲུངས་པ་ཡིན་ན། ད་ལྟ་ཡ་ཧོ་ཝཱས་ཁྱོད་ཀྱི་རྒྱལ་སྲིད་ཨིས་ར་ཨེལ་གྱི་ཐོག་ཏུ་རྒྱུན་ཆད་མེད་པར་བརྟན་པོར་མཛད་པར་ངེས་སོ། ༡༤ ད་ཁྱོད་ཀྱི་རྒྱལ་སྲིད་ནི་གཏན་དུ་གནས་པར་མི་འགྱུར། ཡ་ཧོ་ཝཱས་ཁོང་ཉིད་ཀྱི་ཐུགས་བཞིན་དུ་མི་ཞིག་བཙལ་བར་མཛད་དེ། དེ་ནི་ཡ་ཧོ་ཝཱ་ཁོང་ཉིད་ཀྱི་མི་བརྒྱུད་ཀྱི་དཔོན་པོར་བསྐོས་པར་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ཡ་ཧོ་ཝཱས་ཁྱོད་ལ་གནང་བའི་བཀའ་མ་སྲུངས་པའི་ཕྱིར་རོ། ༡༥ ཞེས་སྨྲས་ནས། ཤ་མུ་ཨེལ་ལངས་ཏེ། གིལ་གལ་ནས་བེན་ཡ་མིན་གྱི་གི་བེ་ཨ་རུ་ཕྱིན་ཏོ༎
དེ་ནས་ཤ་ཨུལ་གྱིས་རང་དང་མཉམ་དུ་ཡོད་པའི་མི་རྣམས་ཀྱི་གྲངས་བརྩིས་ནས། མི་དྲུག་བརྒྱ་ཙམ་ཞིག་ཡོད་པ་ཡིན། ༡༦ དེ་རུ་ཤ་ཨུལ་དང་དེའི་སྲས་ཡོ་ན་ཐན་དང་། དེ་གཉིས་དང་མཉམ་དུ་ཡོད་པའི་མི་ཐམས་ཅད་བེན་ཡ་མིན་གྱི་གེ་བཱ་རུ་གནས་ཏེ། ཕེ་ལེ་ཤེད་པ་རྣམས་ཀྱིས་མིག་མས་ལ་སྒར་རྒྱབ་བོ། ༡༧ དེ་ནས་འཛོམས་པ་རྣམས་དམག་དཔུང་རུ་གསུམ་བཞིན་དུ་ཕེ་ལེ་ཤེད་པའི་དམག་སྒར་གྱི་ནང་ནས་འཐོན་ཏེ། དམག་དཔུང་གཅིག་ཨོབ་རཱ་རུ་འགྲོ་བའི་ལམ་ལ་ཞུགས་ནས། ཤ་ཨུལ་ཡུལ་གྱི་ཕྱོགས་སུ་སོང་ངོ་། ༡༨ དམག་དཔུང་གཉིས་པ་བེད་ཧོ་རོན་གྱི་ལམ་དུ་ཞུགས་པ་དང་། དམག་དཔུང་གསུམ་པ་འབྲོག་སྟོང་གི་ཕྱོགས་སུ་ལུང་པ་ཚེ་བོ་ཨིམ་དུ་སྟོན་པའི་ས་མཚམས་ཀྱི་ལམ་དུ་ཞུགས་སོ༎
༡༩ དེར་ཨིས་ར་ཨེལ་གྱི་ཡུལ་ཐམས་ཅད་དུ་མགར་བ་གཅིག་ཀྱང་མ་བརྙེད་དོ། དེ་ཅིའི་ཕྱིར་ཞེ་ན། ཕེ་ལེ་ཤེད་པས། ཨིབ་རི་པ་རྣམས་ཀྱིས་རལ་གྲིའམ། མདུང་རང་གི་དོན་དུ་བཟོ་བར་བྱ་བསམ་པའི་ཕྱིར་རོ། ༢༠ དེའི་ཕྱིར་ཨིས་ར་ཨེལ་པ་རྣམས་ནི། རང་གི་གཤོལ་ལྕགས་སམ། འཇོར་རམ། སྟ་རིའམ། རྒྱ་ཟོར་ལ་ཁ་འདོན་པའི་ཕྱིར་ཕེ་ལེ་ཤེད་པའི་མདུན་དུ་སོང་ངོ་། ༢༡ ལོ་ཐོག་གི་དུས་སུ་གཤོལ་ལྕགས་སམ། རྒྱ་ཟོར་རམ། སྟ་རིའམ། ཟོར་བ་ལ་ཁ་འདོན་བྱེད་པའི་ཕྱིར་མགོ་རེ་རེ་ལ་ཤེ་ཀེལ་གསུམ་འཇལ་དགོས་བྱུང་ངོ་། ༢༢ དེའི་ཕྱིར་དམག་གི་ཉིན་པར་འདི་ལྟར་བྱུང་། ཤ་ཨུལ་དང་དེའི་སྲས་ཡོ་ན་ཐན་གཉིས་དང་མཉམ་དུ་ཡོད་པའི་མི་རྣམས་ཀྱི་ལག་ཏུ་རལ་གྲིའམ་མདུང་མ་བརྙེད་ཀྱང་། ཤ་ཨུལ་དང་ཁོང་གི་སྲས་ཡོ་ན་ཐན་དང་མཉམ་དུ་བརྙེད་དོ། ༢༣ དེ་ནས་ཕེ་ལེ་ཤེད་པའི་དམག་ཚོགས་དམག་སྒར་ནས་ཐོན་ཏེ། མིག་མས་ཀྱི་ལ་རུ་སོང་ངོ་༎