༡༡
དེ་ནས་ཨམ་མོན་པའི་རྒྱལ་པོ་ནཱ་ཧས་འོངས་ནས། ཡ་བེས་གིལ་ཨད་ཀྱི་མདུན་དུ་དམག་སྒར་བཏད་ནས། ཡ་བེས་པ་རྣམས་ཀྱིས་ནཱ་ཧས་ལ། བདག་ཅག་དང་མཉམ་དུ་ཁ་ཆད་ཅིག་མཛོད་དང་། བདག་ཅག་གིས་ཉིད་ཀྱི་གཡོག་བྱའོ་ཞེས་ཞུས་པ་དང་། ༢ ཨམ་མོན་པ་ནཱ་ཧས་ཀྱིས། ངས་ཁྱོད་ཅག་དང་མཉམ་དུ་འདི་ལྟ་བུའི་ཁ་ཆད་ཅིག་བྱ། ཁྱོད་ཅག་མི་རེ་རེའི་མིག་གཡས་པ་དེ་བཏོན་ནས། དེའི་སྐྱོན་ཨིས་ར་ཨེལ་ལ་ཐམས་ཅད་ལ་འགེལ་བར་བྱ་ཞེས་སྨྲས་པས། ༣ ཡ་བེས་ཀྱི་རྒན་པོ་རྣམས་ཀྱིས། བདག་ཅག་གིས་ཨིས་ར་ཨེལ་གྱི་ས་མཚམས་ཐམས་ཅད་ཀྱི་བར་དུ་བང་ཆེན་གཏོང་བའི་ཕྱིར། ཞག་བདུན་གྱི་བར་དུ་བཀའ་འགྱང་གནོང་ཞིག ཉིན་དེའི་བར་དུ་སྲོག་སྐྱོབ་བྱེད་མཁན་གཅིག་ཀྱང་མི་བྱུང་ན། བདག་ཅག་ཡུལ་ནས་འཐོན་ཏེ། སྐུ་ཉིད་ཀྱི་དྲུང་དུ་འོང་བར་འགྱུར་ཞེས་ཞུས་སོ། ༤ དེ་ནས་བང་ཆེན་རྣམས་གི་བེ་ཨ་རུ་ཤ་ཨུལ་གྱི་དྲུང་དུ་བསླེབ་སྟེ། མི་ཐམས་ཅད་ཀྱི་རྣ་བར་གཏམ་དེ་རྣམས་བཤད་པས། མི་ཐམས་ཅད་ཀྱིས་སྐད་ཆེན་པོ་རྒྱབ་ཅིང་ངུས་སོ༎༥ ཤ་ཨུལ་ནི་ཞིང་ནས་བ་ཁྱུའི་རྗེས་སུ་འོང་ནས། ཤ་ཨུལ་གྱིས། མི་རྣམས་ཅིའི་ཕྱིར་ངུ་ཞེས་འདྲིས་པས། དེ་དག་གིས་ཁོ་ལ་ཡ་བེས་པའི་གཏམ་བཤད་དོ། ༦ ཤ་ཨུལ་གྱིས་གཏམ་དེ་ཐོས་པའི་ཚེ། དཀོན་མཆོག་གི་ཐུགས་ཉིད་དབང་དང་ལྡན་པ་དེ་ལ་བབས་ནས། ཁྲོ་བ་ཤིན་ཏུ་ཆེ་བ་བྱུང་ངོ་། ༧ དེར་ཤ་ཨུལ་གྱིས་གླང་དོར་གཅིག་བཟུང་སྟེ། དུམ་བུར་བཏུབ་ནས། བང་ཆེན་གྱི་ལག་པས་ཨིས་ར་ཨེལ་གྱི་ས་མཚམས་ཀྱི་བར་དུ་བཀྲམ་ཞིང་འདི་ལྟར་སྨྲས་པ། མི་སུ་ཞིག་ཤ་ཨུལ་དང་ཤ་མུ་ཨེལ་གྱི་རྗེས་སུ་མི་འོང་ན། མི་དེའི་བ་གླང་རྣམས་ལ་ཡང་འདི་ལྟར་བྱེད་པར་འགྱུར་རོ། དེ་ནས་མི་བརྒྱུད་ཐམས་ཅད་ལ་ཡ་ཧོ་ཝཱ་ལ་འཇིགས་པའི་སེམས་བབ་པས། མི་གཅིག་ལྟར་བྱུང་ངོ་། ༨ བེ་ཙེག་ཏུ་མིའི་གྲངས་བརྩི་བའི་ཚེ། ཨིས་ར་ཨེལ་པའི་གྲངས་འབུམ་ཚོ་གསུམ་དང་། ཡ་ཧུ་དཱ་པའི་གྲངས་ནི་ཁྲི་ཚོ་གསུམ་མོ། ༩ དེ་དག་གིས་དེ་རུ་འོངས་པའི་བང་ཆེན་རྣམས་ལ། ཡ་བེས་གིལ་ཨད་པ་རྣམས་ལ་འདི་ལྟར་ཤོད་ཅིག སང་ཞོག་ཉི་དྲོད་ཀྱི་དུས་སུ་ཁྱོད་རྣམས་ལ་སྐྱབས་འབྱུང་བར་འགྱུར་ཞེས་སྨྲས་པ་དང་། བང་ཆེན་རྣམས་སོང་སྟེ། ཡ་བེས་པ་རྣམས་ལ་དེ་ལྟ་བུའི་ལོན་བཤད་པས། དགའ་བར་གྱུར་ཏོ། ༡༠ དེའི་ཕྱིར་ཡ་བེས་པ་རྣམས་ཀྱིས་ནཱ་ཧས་ལ། སང་ཞོག་བདག་ཅག་ཁྱེད་ཉིད་ཀྱི་སྐུ་དྲུང་དུ་འོང་སྟེ། ཁྱེད་ཉིད་ཀྱི་ཐུགས་སུ་བཟང་པོ་ཅི་འབྱུང་ན། དེ་བཞིན་དུ་མཛོད་ཅིག་ཅེས་ཞུས་སོ། ༡༡ ཡང་སང་ཉིན་ཤ་ཨུལ་གྱིས་མི་རྣམས་དམག་དཔུང་གསུམ་དུ་བསྒྲིགས་ནས། སྔ་དྲོ་སོ་པ་སྤོ་བའི་དུས་སུ་དམག་སྒར་གྱི་དཀྱིལ་དུ་འོངས་ནས། ཉི་དྲོ་བར་དུ་ཨམ་མོན་པ་རྣམས་དང་དམག་རྒྱབ་ཅིང་། འདི་ལྟར་བྱུང་། མ་ཤི་བ་ཐམས་ཅད་འཐོར་བས། མི་གཉིས་ཀྱང་མཉམ་དུ་མ་ལུས་སོ༎
༡༢ དེ་ནས་མི་རྣམས་ཀྱིས་ཤ་མུ་ཨེལ་ལ། ཤ་ཨུལ་གྱིས་ངེད་རྣམས་ཀྱི་སྟེང་དུ་སྲིད་བྱེད་དུ་རུང་ངམ་ཞེས་ཟེར་བའི་མི་དེ་སུ་ཡིན། མི་དེ་རྣམས་འདི་རུ་ཁྲིད་ཤོག དེ་རྣམས་གསོད་པའི་རིགས་སོ་ཞེས་སྨྲས་སོ། ༡༣ ཡང་ཤ་ཨུལ་གྱིས། དེ་རིང་གི་ཉིན་པར་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་སྲོག་སྐྱོབ་པར་མཛད་པས། ཉིན་འདི་ལ་མི་གཅིག་ཀྱང་གསོད་པར་མི་རུང་ངོ་ཞེས་བཀའ་སྩལ་ཏོ། ༡༤ དེ་ནས་ཤ་མུ་ཨེལ་གྱིས་མི་རྣམས་ལ། ད་ཤོག་དང་། ངེད་རྣམས་གིལ་གལ་དུ་རྒྱལ་ཁམས་གསར་དུ་འཛུག་པའི་ཕྱིར་འགྲོ་བར་བྱ་ཞེས་བསྐུལ་བས། ༡༥ མི་བརྒྱུད་ཐམས་ཅད་གིལ་གལ་དུ་ཕྱིན་ནས། ཤ་ཨུལ་ནི་ཡ་ཧོ་ཝཱའི་སྤྱན་སྔར་གིལ་གལ་དུ་རྒྱལ་པོར་བསྐོས་སོ། དེ་ནས་དེ་དག་གིས་ཡ་ཧོ་ཝཱའི་དྲུང་དུ་ཞི་བདེའི་མཆོད་པ་ཕུལ་ཞིང་། ཤ་ཨུལ་དང་ཨིས་ར་ཨེལ་གྱི་མི་ཐམས་ཅད་ཤིན་ཏུ་དགའ་བར་གྱུར་ཏོ༎