༣༥
ཡང་མོ་ཨབ་ཀྱི་ཐང་ལ་ཡོར་དན་གྱི་འགྲམ་དུ་ཡེ་རི་ཀོའི་རྩར་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་ཞིང་གསུངས་པ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་སྨྲོས་ཤིག ཁྱོད་རྣམས་ཀྱིས་བདག་ཏུ་བྱས་པའི་ནོར་སྐལ་ནས་ལེ་ཝི་པ་རྣམས་དེའི་ནང་དུ་གནས་པའི་ཕྱིར་གྲོང་ཁྱེར་རྣམས་དང་། དེ་དག་གི་འཁོར་ལ་ཡོད་པའི་གྲོང་ཚོ་ལེ་ཝི་པ་རྣམས་ལ་གཏོང་དགོས།  ཡང་གནས་པའི་ཕྱིར་གྲོང་ཁྱེར་དེ་དག་ཁོ་རྣམས་ལ་དགོས་ཏེ། དེ་དག་གི་ཡུལ་འཁོར་ནི་ཁོ་རྣམས་ཀྱི་ཕྱུགས་དང་། རྫས་གང་ཡོད་པ་དང་། དུད་འགྲོ་ཐམས་ཅད་ཀྱི་དོན་དུ་ཡོད་པར་དགོས་སོ།  ཡང་ཁྱོད་ཚོས་ལེ་ཝི་པ་རྣམས་ལ་སྟེར་བར་བྱ་བའི་གྲོང་ཁྱེར་གྱི་ཡུལ་འཁོར་དེ་དག་ནི་གྲོང་ཁྱེར་གྱི་ལྕགས་རི་ནས་ཕྱི་ལོགས་སུ་ཁྲུ་སྟོང་ཕྲག་གཅིག་ཡོད་པར་དགོས།  ཡང་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཁྱེད་ཀྱིས་ཤར་ཕྱོགས་སུ་ཁྲུ་སྟོང་གཉིས་དང་། ལྷོ་ཕྱོགས་སུ་ཁྲུ་སྟོང་གཉིས་དང་། ནུབ་ཕྱོགས་སུ་ཁྲུ་སྟོང་གཉིས་དང་། བྱང་ཕྱོགས་སུ་ཁྲུ་སྟོང་གཉིས་དང་། གྲོང་ཁྱེར་ནི་དཀྱིལ་དུ་ཆུད་དགོས། དེ་ནི་དེ་དག་ལ་གྲོང་ཁྱེར་རྣམས་ཀྱི་ཡུལ་འཁོར་ཡིན་ནོ།  ཡང་ཁྱེད་ཀྱིས་ལེ་ཝི་པ་རྣམས་ལ་གཏོང་བར་བྱ་བའི་གྲོང་ཁྱེར་རྣམས་ཀྱི་ནང་ན་ཐར་བ་གླིང་གི་གྲོང་ཁྱེར་དྲུག་ཡོད་པར་དགོས། མི་བསད་མཁན་ནི་ཐར་བའི་ཕྱིར་རེའི་ནང་དུ་རྒྱུག་པའི་ཕྱིར་གཏོང་དགོས། དེ་མ་གཏོགས་ཁྱེད་ཀྱིས་ད་རུང་གྲོང་ཁྱེར་བཞི་བཅུ་ཞེ་གཉིས་སྟེར་དགོས།  ལེ་ཝི་པ་རྣམས་ལ་སྟེར་བར་བྱ་བའི་གྲོང་ཁྱེར་ཐམས་ཅད་ནི་གྲོང་ཁྱེར་བཞི་བཅུ་ཞེ་བརྒྱད་དོ། དེ་དག་དང་མཉམ་དུ་ཡུལ་འཁོར་དེ་རྣམས་ཀྱང་གཏོང་བར་དགོས།  ཨིས་ར་ཨེལ་གྱི་བུ་ཚོས་བདག་ཏུ་བྱས་པ་དེའི་ནང་ནས་ལེ་ཝི་པ་རྣམས་ལ་གཏོང་དགོས་པའི་གྲོང་རྣམས་ལ་བལྟ་སྟེ། མང་པོ་ཡོད་པ་རྣམས་ནས་མང་པོ་ལེན། ཉུང་བ་ཡོད་པ་རྣམས་ནས་ཉུང་བ་ལེན་ཅིག རང་གི་ནོར་སྐལ་གང་ཐོབ་པ་བཞིན་དུ་རེ་རེས་གྲོང་ཁྱེར་རྣམས་ནས་ལེ་ཝི་པ་རྣམས་ལ་གཏོང་བར་བྱའོ༎
 ཡང་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་ཅེས་གསུངས་པ། ༡༠ ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་ཟེར་ཅིག ནམ་ཁྱོད་ཚོ་ཡོར་དན་བརྒལ་ཞིང་ཀ་ན་ཨན་ཡུལ་གྱི་ནང་དུ་འཇུག་པའི་ཚེ། ༡༡ དེ་ནས་ཁྱེད་ཀྱིས་རང་གི་ཕྱིར་ཐར་བ་གླིང་གི་གྲོང་ཁྱེར་རྣམས་ཕྱེས་ཤིག མི་ཞིག་གསོད་པར་མ་བསམས་ཀྱང་། བསད་པར་བྱས་པའི་མི་དེ་ཐར་བའི་དོན་དུ་འབྲོས་ཐུབ་པའི་ཕྱིར་རོ། ༡༢ གྲོང་ཁྱེར་དེ་དག་ནི་ཁྱོད་ཚོའི་སྲོག་ལན་ལེན་མཁན་ནས་ཐར་ས་ཞིག་ཡོད་པ་དང་། མི་བསད་མཁན་དེ་ཆོས་ཚོགས་ཀྱི་དྲུང་དུ་འགྲེང་སྟེ་ཁྲིམས་མ་བཅད་པའི་བར་དུ་མི་འཆི་བའི་ཕྱིར་རོ། ༡༣ ཡང་ཁྱེད་ཀྱིས་གཏོང་བར་བྱ་བའི་གྲོང་ཁྱེར་རྣམས་ནི་དྲུག་ཡོད་པར་དགོས། ༡༤ གྲོང་ཁྱེར་གསུམ་ཁྱེད་ཀྱིས་ཡོར་དན་གྱི་ཚུར་རོལ་དུ་གཏོང་དགོས། ཡང་གྲོང་ཁྱེར་གསུམ་ཀ་ན་ཨན་ཡུལ་དུ་སྟེར་བར་བྱོས། དེ་དག་ནི་ཐར་བ་གླིང་གི་གྲོང་ཁྱེར་རྣམས་ཡིན་པར་དགོས་སོ། ༡༥ ཨིས་ར་ཨེལ་པའི་བུ་ཚོ་དང་། ཕྱི་མི་དང་། དེའི་ནང་ན་ཡོད་པའི་བྱེས་པ་རྣམས་ཀྱི་དོན་དུ་ཐར་དུ་འབྲོས་པའི་གྲོང་ཁྱེར་དྲུག་དེ་ཡིན་པ་དང་། མི་སུ་ཡང་གསོད་དུ་མ་བསམས་ཀྱང་། བསད་པར་བྱས་མཁན་དེའི་ནང་དུ་འབྲོས་པའི་ཕྱིར་རོ༎
༡༦ འོན་ཀྱང་ཁོས་ནི་ལྕགས་ཀྱི་ལག་ཆ་ནས་དེ་ཤི་བ་ཙམ་དུ་བརྡུངས་པ་ཡིན་ན། ཁོ་ནི་མི་བསད་མཁན་ཞིག་ཡིན། མི་བསད་མཁན་དེ་ཅིས་ཀྱང་གསོད་པར་དགོས་སོ། ༡༧ ཡང་ན་ལག་པ་ལ་ཡོད་པའི་རྡོ་ཞིག་གིས་བརྡུངས་པས་རྡོ་ཡིས་ཤི་ན། ཁོ་ནི་མི་བསད་མཁན་ཡིན་ཏེ། མི་བསད་མཁན་དེ་ཅིས་ཀྱང་གསོད་པར་དགོས། ༡༨ ཡང་ན་ཤིང་གི་མཚོན་གྱིས་འཆི་ཐུབ་པས། ཤིང་གི་མཚོན་ཞིག་གིས་བརྡུངས་པས་ཤི་ན། དེ་ནི་མི་བསད་མཁན་ཡིན་ཏེ། མི་བསད་མཁན་དེ་ཅིས་ཀྱང་གསོད་པར་བྱའོ། ༡༩ ཁྲག་ལན་ལེན་མཁན་དེས་རང་གིས་མི་བསད་མཁན་དེ་གསོད་པར་དགོས། ༢༠ ཡང་ཁོས་ཞེ་སྡང་གིས་དེ་ལ་ཕུལ་རྡེགས་བྱེད་དམ། སྒུག་ནས་བསྡད་པ་དང་གང་ཞིག་དེ་ལ་བརྒྱབ་པས་ཤི་ན། ༢༡ ཡང་ན་དགྲ་བྱེད་པའི་ངང་ནས་རང་གི་ལག་པས་བརྡུངས་པའི་སྒོ་ནས་ཤི་ན། བརྡུངས་མཁན་དེ་ནི་ཅིས་ཀྱང་གསོད་པར་བྱ། དེ་ནི་མི་བསད་མཁན་ཡིན་པས། ཁྲག་ལན་ལེན་མཁན་དེས་ཁོ་དང་ཐུག་ཚེ་ཅིས་ཀྱང་གསོད་དགོས་སོ༎
༢༢ འོན་ཀྱང་ཞེ་སྡང་མེད་དེ་གློ་བུར་དུ་དེ་ལ་ཕུལ་རྡེག་གམ། ༢༣ སྒུག་ནས་མ་བསྡད་དེ་རྡོ་རྒྱབ་པ་ནས་མི་ཞིག་འཆི་ཐུབ་པས། མི་དེ་མ་མཐོང་། དེའི་དགྲ་མ་བྱས། དེའི་གནོད་པ་མ་བཙལ་ཡང་། དེ་ལ་རྡོ་བརྒྱབ་ནས་ཤི་ན། ༢༤ དེ་ནས་ཆོས་ཚོགས་ཀྱིས་བསད་མཁན་དང་ཁྲག་ལན་ལེན་མཁན་གཉིས་ཀྱི་བར་ལ་རྟོགས་པ་དང་། རྟོགས་པ་དེ་བཞིན་དུ། ༢༥ ཆོས་ཚོགས་ཀྱིས་མི་བསད་མཁན་དེ་ཁྲག་ལན་ལེན་མཁན་གྱི་ལག་ནས་ཐར་བར་བྱེད་པར་དགོས། ཡང་ཁོ་གང་དུ་འབྲོས་པའི་གྲོང་ཁྱེར་དུ་ཕྱིར་ལོག་བཏང་ནས། བྱུགས་པ་དམ་པས་བྱུགས་ཡོད་པའི་བླ་མ་ཆེན་པོ་མ་ཤི་བར་དུ་དེའི་ནང་ན་གནས་པར་བྱའོ། ༢༦ འོན་ཀྱང་མི་བསད་མཁན་དུས་གང་ཡོད་ཀྱང་རང་ཐར་བའི་གྲོང་ཁྱེར་ནས་ཐོན་ཏེ་དེའི་མཐའ་ནས་ཕར་ཐལ་སོང་བ་དང་། ༢༧ ཁྲག་ལན་ལེན་མཁན་དེས་ཁོ་བསད་ན། ཁྲག་དེ་ནི་ཁོ་ལ་ཕོག་མི་ཡོང་། ༢༨ ཅི་ལ་ཟེར་ན། དེ་ནི་བླ་མ་ཆེན་པོ་མ་ཤི་བར་དུ་རང་གི་ཐར་བ་གླིང་ལ་བསྡད་དགོས་པ་ཡིན་པའི་ཕྱིར་རོ། བླ་མ་ཆེན་པོ་ཤི་བའི་རྗེས་ལ་མི་བསད་མཁན་དེ་རང་གི་ཞིང་ཁང་གི་ཡུལ་དུ་ཕྱིར་ལོག་དགོས། ༢༩ དེ་ནི་ཁྱོད་ཚོའི་མི་རབས་ཐམས་ཅད་དུ་ཁང་པ་རེ་རེའི་ནང་ན་རྟོགས་པའི་སྤྱད་མཚམས་ཤིག་ཡིན་པར་དགོས་སོ༎
༣༠ འོན་ཀྱང་སུས་ཀྱང་མི་ཞིག་གསད་ན། བསད་མཁན་དེ་དཔང་པོ་རྣམས་ཀྱི་ཁ་ལ་རྟེན་ཏེ་གསོད་པར་བྱའོ། འོན་ཀྱང་དཔང་པོ་གཅིག་ནི་མི་སུ་ཞིག་འཆི་བའི་ཕྱིར་དཔང་པོ་བྱེད་པར་མི་དགོས། ༣༡ དེའི་སྟེང་དུ་ཁྱེད་ཀྱིས་འཆི་དགོས་པའི་བསད་མཁན་ཞིག་གི་སྲོག་གླུད་མ་ལེན་ཅིག དེ་ནི་ཅིས་ཀྱང་ཤི་དགོས། ༣༢ ཡང་རང་ཐར་བའི་གྲོང་ཁྱེར་དུ་བྲོས་པ་དེའི་ཕྱིར་ཡང་གླུད་ཅིག་མ་ལེན། བླ་མ་ཆེན་པོ་མ་ཤི་ཚེ་ཡུལ་དུ་གནས་པའི་དོན་དུ་ལོག་མི་ཡོང་བའི་ཕྱིར་རོ། ༣༣ དེ་ལྟར་ཁྱོད་ཚོས་གནས་པའི་ཡུལ་དེ་གྲིབ་ཅན་བྱེད་མི་དགོས། གང་ལ་ཟེར་ན། ཁྲག་ལ་རྟེན་ཏེ། ཁྲག་དེས་ནི་ཡུལ་གྲིབ་ཅན་བྱེད་པའི་ཕྱིར་རོ། ཡང་ཁྲག་བླུགས་ཡོད་པའི་ཡུལ་གྱི་ཕྱིར་ཁྲག་བླུགས་མཁན་དེའི་ཁྲག་འབའ་ཞིག་གིས་སྡིག་བཤགས་བྱེད་པར་ནུས་སོ། ༣༤ ཡང་ཁྱོད་གནས་པའི་ཡུལ་དེ་ཁྱོད་ཀྱིས་རྨེ་གྲིབ་ཅན་བྱེད་མི་དགོས། ང་ནི་དེའི་དཀྱིལ་དུ་གནས་པའི་ཕྱིར་རོ། ང་ཡ་ཧོ་ཝཱ་ནི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དཀྱིལ་དུ་གནས་སོ༎