༢༧
དེ་ནས་ཚེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་དྲུང་དུ་འོངས་སོ། ཚེ་ལོ་ཕེ་ཧད་ནི་ཧེ་ཕེར་གྱི་བུ། དེ་ནི་གིལ་ཨད་ཀྱི་བུ། དེ་ནི་མ་ཀིར་གྱི་བུ། དེ་ནི་མ་ན་ཤེ་ཡི་བུ། མ་ན་ཤེ་ཡི་བརྒྱུད་རྣམས་ཀྱི་ནང་ན་ཡོ་སེབ་ཀྱི་བུའོ། བུ་མོ་དེ་རྣམས་ཀྱི་མིང་ནི། མ་ལཱ་དང་། ནོ་ཨ་དང་། ཧོག་ལཱ་དང་། མིལ་ཀཱ་དང་། ཐིར་ཙཱ་དང་ལྔའོ། ༢ དེ་དག་འདུན་མའི་གུར་མཆོག་གི་སྒོ་རུ་མོ་ཤེ་དང་བླ་མ་ཨེལ་ཨ་ཟར་དང་ཆོས་ཚོགས་ཚང་མའི་མདུན་དུ་འགྲེང་སྟེ། ༣ ང་ཚོའི་ཕ་འབྲོག་སྟོང་དུ་ཤི། ཁོང་ནི་ཡ་ཧོ་ཝཱ་ལ་མ་ཉན་པའི་ཀོ་རཱ་ལ་འགྲོགས་པའི་མི་ཚོའི་ནང་ན་མེད་དེ། རང་གི་སྡིག་པའི་ནང་དུ་ཤིའོ། ཡང་ཁོང་ལ་བུ་མེད་དོ། ༤ བུ་མེད་པའི་ཕྱིར་ང་ཚོའི་ཕའི་མིང་རང་གི་བརྒྱུད་ལས་ཅི་ལ་འབུད་པར་བྱ། ཕའི་སྤུན་ཚོའི་ཁྲོད་དུ་ང་ཚོ་ལ་ནོར་སྐལ་ཞིག་གནོང་ཞིག༥ ཡང་མོ་ཤེས་ཁོ་རྣམས་ཀྱི་ཞུ་བ་ཡ་ཧོ་ཝཱའི་དྲུང་དུ་འཁྱེར་འོངས་སོ། ༦ ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་ཞིང་གསུངས་པ། ༧ ཚེ་ལོ་ཕེ་ཧད་ཀྱི་བུ་མོ་རྣམས་ཀྱིས་ཁྲིག་ཟེར་པ་ཡིན། ཁྱོད་ཀྱིས་དེ་ཚོའི་ཕའི་སྤུན་གྱི་ཁྲོད་དུ་གང་གིས་ཀྱང་ནོར་སྐལ་བདོགས་པའི་ཕྱིར་དེ་དག་ལ་སྟེར་དགོས། ༨ ཡང་ཁྱོད་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་ལ་ཟེར་དགོས། མི་ཞིག་བུ་མེད་པར་ཤི་ན། དེ་ནས་དེའི་ནོར་སྐལ་དེའི་བུ་མོའི་ལག་ཏུ་སླེབ་འཇུག་པར་དགོས། ༩ ཡང་དེ་ལ་བུ་མོ་མེད་ན། དེ་ནས་དེའི་ནོར་སྐལ་དེའི་སྤུན་རྣམས་ལ་གཏོང་བར་བྱ། ༡༠ ཡང་ཁོ་ལ་སྤུན་མེད་ན། དེ་ནས་དེའི་ནོར་སྐལ་དེའི་ཕའི་སྤུན་རྣམས་ལ་གཏོང་བར་བྱ། ༡༡ ཡང་དེའི་ཕ་ལ་སྤུན་རྣམས་མེད་ན། དེ་ནས་དེའི་ནོར་སྐལ་དེའི་བརྒྱུད་ནང་ཡོད་པའི་གཉེན་ཁོ་དང་ཉེ་བ་ཡོད་པ་དེ་ལ་སྟེར་བར་དགོས། དེ་ནི་ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ལ་རྟོགས་པའི་ཁྲིམས་ཤིག་ཡོད་པར་དགོས་སོ༎
༡༢ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ངས་ནི་ཨིས་ར་ཨེལ་གྱི་བུ་རྣམས་ལ་སྟེར་ཡོང་བའི་ཡུལ་དེ་ལ་ཁྱོད་བལྟ་བའི་ཕྱིར་ཨ་བ་རིམ་གྱི་རི་འདི་ལ་འཛེགས་ཤིག ༡༣ ཡང་དེ་ལ་བལྟས་ནས། ཁྱོད་ཀྱང་ཁྱོད་ཀྱི་སྤུན་ཨ་རོན་བཞིན་དུ་རང་གི་མི་བརྒྱུད་དང་འཛོམ་པར་འགྱུར། ༡༤ ཁྱེད་གཉིས་ཚིན་གྱི་འབྲོག་སྟོང་དུ་ངའི་བཀའ་ལ་མ་ཉན་ཞིང་། ཆུའི་སྐོར་དུ་ཆོས་ཚོགས་ཀྱིས་འཁྲུག་པ་བྱས་ནས། དེ་དག་གི་མིག་གི་མདུན་དུ་ང་དམ་པ་མ་བྱས་པའི་ཕྱིར་རོ། དེ་ནི་ཚིན་གྱི་འབྲོག་སྟོང་དུ་ཁ་དཱེས་ཀྱི་མེ་རི་བཱའི་ཆུ་རྣམས་སོ། ༡༥ ཡང་མོ་ཤེས་ཡ་ཧོ་ཝཱ་ལ་གསོལ་པ། ༡༦ ཡ་ཧོ་ཝཱ་ལུས་ཅན་ཐམས་ཅད་ཀྱི་སེམས་ཉིད་རྣམས་ཀྱི་དཀོན་མཆོག་གིས་ཆོས་ཚོགས་འདི་འཁྲིད་མཁན་ཞིག་སྐོ་འཇུག་པར་གནོང་ཞིག་དང་། ༡༧ ཁོ་རྣམས་ཀྱི་སྔོན་དུ་ཕྱི་རུ་འགྲོ་བ་དང་། ནང་དུ་ཡོང་བ་དང་། ཁོ་རྣམས་ཕྱི་ནང་དུ་འཁྲིད་པ་དང་། རྫི་བོ་མེད་པའི་ཆོས་ཚོགས་ཤིག་མི་ལུས་པའི་ཕྱིར་རོ། ༡༨ ཡང་ཡ་ཧོ་ཝཱས་མོ་ཤེ་ལ་གསུངས་པ། ནུན་གྱི་བུ་ཡོ་ཤུ་ཨ་ཐུགས་ཉིད་ཡོད་པ་དེ་ཁྲིད་ལ། ཁྱོད་རང་གི་ལག་པ་ཁོ་ལ་ཞོག་ཅིག་དང་། ༡༩ བླ་མ་ཨེལ་ཨ་ཟར་དང་ཆོས་ཚོགས་ཐམས་ཅད་ཀྱི་དྲུང་དུ་བཞག་ནས། དེ་དག་གི་མཐོང་ས་ལ་དེ་ལ་ལས་ཚན་གཏད་པར་བྱོས་ཤིག ༢༠ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཆོས་ཚོགས་དེའི་བཀའ་ལ་ཉན་པའི་ཕྱིར། ཁྱོད་རང་ལ་ཡོད་པའི་ཞེ་ས་དེ་ཁོ་ལ་ཐོང་ཞིག ༢༡ ཡང་བླ་མ་ཨེལ་ཨ་ཟར་གྱི་རྩར་འགྲེང་སྟེ། དེས་ཁོང་གི་ཕྱིར་ཡ་ཧོ་ཝཱའི་དྲུང་དུ་ཨུ་རིམ་ལས་ཐུགས་བརྟག་ཞུ་བར་འགྱུར། དེའི་བཀའ་བཞིན་དུ་ཁོ་རང་དང་མཉམ་དུ་ཨིས་ར་ཨེལ་གྱི་བུ་ཐམས་ཅད་ཟེར་ན། ཆོས་ཚོགས་ཚང་མ་ཕྱི་རུ་འགྲོ་བ་དང་། ནང་དུ་ཡོང་བར་དགོས་སོ། ༢༢ ཡང་མོ་ཤེས་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་བྱས་པ་དང་། ཡོ་ཤུ་ཨ་འཁྲིད་དེ་བླ་མ་ཨེལ་ཨ་ཟར་དང་ཆོས་ཚོགས་ཐམས་ཅད་ཀྱི་མདུན་དུ་བཞག་ནས། ༢༣ ཁོང་གི་མགོ་ལ་ཕྱག་འཇོག་ཅིང་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་ཡོ་ཤུ་ཨ་ལ་ལས་ཚན་བཏད་དོ༎