༤༣
ཡང་ཡུལ་ན་མུ་གེ་དྲག་ཏུ་སོང་བ་དང་།  མི་སེར་ཡུལ་ནས་སྦྱར་བའི་གྲོ་ནས་དེ་དག་གིས་ཟོས་ཚར་ནས་ཕས་དེ་དག་ལ། ནས་བཟན་ཅུང་ཞིག་ཉོ་བར་ཡང་སོང་ཞིག་ཅེས་སྨྲས་སོ།  ཡ་ཧུ་དཱས་དེ་ལ། མི་དེས་ངེད་རྣམས་ལ་སྨྲས་པ། ཁྱེད་ཀྱི་སྤུན་ཁྱེད་དང་མཉམ་དུ་འཁྲིད་མི་ཡོང་ན། ཁྱེད་ངའི་ངོ་མཐོང་མི་ཡོང་ཞེས་ཡང་ཡང་ནན་གྱིས་སྨྲས་པས་ན།  ཁྱེད་ཀྱིས་ནུ་བོ་ངེད་དང་མཉམ་དུ་གཏང་ན། ངེད་ཁྱེད་ཀྱི་ཕྱིར་ཁ་ཟས་ཉོ་བར་འགྲོ།  ཇི་སྟེ་མི་གཏང་ན་ངེད་རྣམས་མི་འགྲོའོ། ཅི་ལ་ཟེར་ན། མི་དེས་ནུ་བོ་ཁྱེད་ཅག་དང་མཉམ་དུ་འཁྲིད་མི་ཡོང་ན་ངའི་ངོ་མཐོང་མི་ཡོང་སྨྲས་པའི་ཕྱིར་རོ།  ཨིས་ར་ཨེལ་དེ་དག་ལ། ཅིའི་ཕྱིར་མི་དེ་ལ་ངེད་ལ་ད་རུང་ནུ་བོ་ཞིག་ཡོད་བཤད་དེ་ང་ལ་སྡུག་བསྔལ་དུ་བཅུག་ཟེར་ཏོ།  དེ་དག་གིས་སྨྲས་པ། མི་དེས་ངེད་རང་དང་ངེད་ཀྱི་གཞིས་མད་ལ་ལྟ་སྟེ་ཁྱེད་ཀྱི་ཕ་གསོན་པོ་ཡོད་དམ། སྤུན་ཡང་ཡོད་དམ་ཡང་ཡང་དྲིས་པས་ངེད་ཀྱིས་གཏམ་དེ་བཞིན་དུ་བཤད་དོ། ཁོས་ངེད་ལ་སྤུན་མཉམ་པོ་ཁྲིད་ཤོག་ཟེར་ཡོང་ངེད་ཀྱིས་ཤེས་སྲིད་དམ།  ཡ་ཧུ་དཱ་ཡིས་ཕ་ཨིས་ར་ཨེལ་ལ། ཁྱེའུ་ང་དང་མཉམ་དུ་འགྲོ་རུ་ཆུག དེ་ནས་ངེད་ཆས་འགྲོ་ཞིང་ངེད་དང་ཁྱེད་དང་ངེད་ཀྱི་ཕྲུ་གུ་མ་ཤི་སྟེ་འཚོ་བར་འགྱུར།  ངས་ཁག་འཁུར་ཏེ་ཁྱེད་ཀྱིས་ང་ལ་དེ་ཕྱིར་ཐོང་ཞིག་སྨྲ་བར་རུང་། ངས་དེ་ཕྱིར་མ་ཁྲིད་དེ་ཁྱེད་ཀྱི་དྲུང་དུ་ཁོ་འཁྱེར་མི་ཡོང་ན་ང་མ་ཤི་བའི་བར་དུ་དེའི་སྡིག་པ་འཁུར་བར་བྱའོ། ༡༠ ངེད་ཀྱིས་འགོར་མ་བཅུག་པ་ཡིན་ན། ངེད་ད་ཐུག་བདེན་པར་ལན་གཉིས་ལོག་བསླེབས་པ་ཡིན་ཞེས་སྨྲས་སོ༎
༡༡ དེ་ནས་ཕ་ཨིས་ར་ཨེལ་གྱིས་དེ་དག་ལ། དེ་ལྟར་ཡིན་ན་གཏམ་འདི་བཞིན་དུ་བྱོས་ཤིག ཡུལ་ན་སྐྱེས་པའི་རྩི་ཐོག་བཟང་པོ་བལ་སམ་ཅུང་ཞིག་དང་། སྦྲང་རྩི་ཅུང་ཞིག་དང་། སྤོས་དང་། གུ་གུལ་དང་། ཚིག་གུ་དང་། རྒྱ་གར་སྟར་ག་རྣམས་ཕད་ཀྱི་ནང་དུ་ཆུག་ལ་མི་དེ་ལ་ཕྱག་རྟགས་སུ་ཁྱེར་ཅིག ༡༢ ཁྱེད་ཀྱི་ཕད་རྣམས་ཀྱི་ཁ་ལ་ཕྱིར་ལོག་བཏང་བའི་དངུལ་ཡང་ཁྱེར། ཅི་ཤེས་ནོར་བ་ཡིན། དེས་མ་ཚད་དངུལ་ཉིས་ལྡབ་ཀྱང་ལག་པར་ཁུར་ཞིག ༡༣ རང་གི་ནུ་བོ་ཡང་འཁྲིད་དེ་ཁྱེར་ལ་ད་ཆས་ཏེ་མི་དེའི་དྲུང་དུ་ཕྱིར་སོང་ཞིག ༡༤ ཡང་དཀོན་མཆོག་ཀུན་དབང་གིས་མི་དེས་ཁྱེད་ཀྱི་སྤུན་གཞན་མ་དེ་དང་བེན་ཡ་མིན་ཁྱེད་དང་མཉམ་དུ་ལོག་ཡོང་འཇུག་པར་ཐུགས་རྗེས་གཟིགས་པར་ཤོག་ཅིག ཡང་ང་ཕྲུ་གུ་དང་བྲལ་བ་ལྟར་གྱུར་ན་གྱུར་ཅིག་ཅེས་སྨྲས་སོ༎
༡༥ དེ་ལྟར་མི་དེ་རྣམས་ཕྱག་རྟགས་དེ་དང་། དངུལ་སྔ་ཕྱི་གཉིས་དང་། བེན་ཡ་མིན་ཁྱེར་ཏེ་ལངས་ནས་མི་སེར་ཡུལ་དུ་སོང་བ་དང་། ཡོ་སེབ་ཀྱི་མདུན་དུ་བྱུང་ངོ་། ༡༦ ཡོ་སེབ་དེ་དག་དང་བཅས་པ་བེན་ཡ་མིན་འོང་བར་མཐོང་བས། ཁང་པའི་གཉེར་པ་ལ། མི་དེ་དག་ཁང་པ་ལ་ཁྲིད་ཅིག་དང་། སོས་ཕྱུགས་བསད་ནས་ཤོམས་ཤིག དེ་དག་ང་དང་ལྷན་ཅིག་གུང་ཚིགས་ཟ་བར་འགྱུར་ཞེས་བཀའ་གནང་ངོ་། ༡༧ མི་དེས་ཡོ་སེབ་ཀྱི་བཀའ་བཞིན་དུ་བྱས་པ་དང་། དེ་དག་ཡོ་སེབ་ཀྱི་ཁང་པའི་ནང་དུ་ཁྲིད་དོ། ༡༨ ཡོ་སེབ་ཀྱི་ཁང་པ་ལ་ཁྲིད་པས་དེ་དག་འཇིགས་ཏེ་སེམས་ལ་ཁ་སྔོན་ཕད་ཀྱི་ནང་ན་ཕྱིར་ཐོབ་པའི་དངུལ་གྱི་ཕྱིར་ངེད་རྣམས་གློ་བུར་དུ་བཟུང་ནས་བྲན་དུ་འཇུག་པ་དང་། བོང་བུ་རྣམས་ཕྲོགས་པའི་ཕྱིར་འདིར་ཁྲིད་པ་ཡིན་བསམས་སོ། ༡༩ ཡོ་སེབ་ཀྱི་ཁང་པའི་གཉེར་པའི་རྩར་ཡོངས་ཏེ་ཁང་པའི་སྒོའི་འགྲམ་དུ་དེ་ལ་གཏམ་བྱེད་དེ་ཞུས་པ། ༢༠ ཇོ་བོ། ཁ་སྔོན་ངེད་ཁ་ཟས་སུ་གྲོ་ནས་ཉོ་བ་ཡོངས་པའི་ཚེ། ༢༡ དགོངས་ས་ལ་བསླེབས་ནས་ཕད་རྣམས་བཀྲོལ་བ་དང་། ལྟོས་ཤིག རེ་རེའི་ཕད་ཀྱི་ཁ་ལ་རང་རང་གི་དངུལ་སྐར་ཚད་བཞིན་དུ་ཡོད་པ་དེ་ད་ལྟ་ལག་ལ་ཕྱིར་ཁྱེར་ཡོངས། ༢༢ ད་ལྟ་ཡང་གྲོ་ནས་ཉོ་བའི་ཕྱིར་དངུལ་གཞན་ཡང་མཉམ་པོ་ཡོད། ངེད་ཀྱི་དངུལ་ཕད་ཀྱི་ནང་དུ་བཅུག་པའི་མི་སུ་ཡིན་མི་ཤེས། ༢༣ མི་དེས་བདེ་བར་གྱུར་ལ་མ་འཇིགས་ཤིག ཁྱེད་ཅག་གི་དཀོན་མཆོག་དང་ཁྱེད་རྣམས་ཀྱི་ཕའི་དཀོན་མཆོག་གིས་ཁྱེད་ཀྱི་ཕད་ཀྱི་ནང་དུ་གསང་བའི་གཏེར་ཞིག་གནང་བ་ཡིན་འགྲོ། ཁྱོད་ཅག་གི་དངུལ་ང་ལ་བྱུང་ངོ་། དེ་ནས་ཁོས་ཤིམ་ཨོན་བཏོན་ནས་དེ་དག་གི་རྩར་ཁྲིད་དོ། ༢༤ དེ་དག་ཡོ་སེབ་ཀྱི་ཁང་པའི་ནང་དུ་ཁྲིད་ནས་རྐང་པ་འཁྲུ་བའི་ཕྱིར་ཆུ་བསྟེར་བ་དང་། བོང་བུ་རྣམས་ལ་རྩྭ་ཆག་བཏང་ངོ་། ༢༥ དེ་དག་དེ་རུ་ཁ་ཟས་ཟ་དགོས་ཤེས་པས། ཡོ་སེབ་ཉིན་གུང་ལ་འོང་བས་ཕྱག་རྟགས་བཤམས་སོ༎
༢༦ དེ་ནས་ཡོ་སེབ་ཁང་པ་རུ་བསླེབས་པ་དང་། དེ་དག་གི་ལག་པ་ལ་ཡོད་པའི་ཕྱག་རྟགས་ཁང་པ་དེར་ཁོང་ལ་ཕུལ་ཏེ་ལུས་ས་ལ་བརྡབས་སོ། ༢༧ དེས་སྨྲས་པ། ཁྱེད་ཚོ་ཁམས་བདེའམ། ཡང་ཁྱེད་ཀྱིས་ང་ལ་བཤད་པའི་ཕ་རྒད་པོ་ཡང་ཁམས་བདེ་ཞིང་གསོན་པོར་འདུག་གམ། ༢༨ ཁོ་རྣམས་ཀྱིས། ཁྱེད་ཀྱི་བྲན་ངེད་ཀྱི་ཕ་ཁམས་བདེ་ཞིང་གསོན་པོར་ཡོད་ཞུས་ནས་མགོ་བོས་ཕྱག་བཙལ་ལོ། ༢༩ ཁོང་གིས་མིག་བཏེགས་ཏེ་རང་གི་མའི་བུ་རང་གི་ནུ་བོ་བེན་ཡ་མིན་ལ་བལྟས་ནས་ཁྱེད་ནི་ང་ལ་བཤད་པའི་སྤུན་མཐའ་ཆུང་འདི་ཡིན་ནམ་དྲིས་པ་དང་། དེ་ལ། ངའི་བུ་དཀོན་མཆོག་གིས་ཁྱོད་ལ་ཐུགས་རྗེ་མཛོད་ཅིག་ཟེར་ཏོ། ༣༠ ཡོ་སེབ་ཀྱི་སྙིང་ལ་རང་གི་སྤུན་ལ་བྱམས་པ་འབར་ཞིང་མྱུར་དུ་ངུ་བའི་གནས་བཙལ་ཏེ་གཟིམས་ཆུང་དུ་སོང་ནས་དེ་རུ་ངུས་སོ། ༣༡ གདོང་བཀྲུས་ནས་ཕྱིར་ཐོན་ཏེ་སྙིང་སྟོབས་བསྐྱེད་ནས་སྨྲས་པ། ད་ཁ་ཟས་ཁྱེར་ཤོག ༣༢ དེ་ནས་ཁོང་གི་ཕྱིར་ཁ་ཟས་སོ་སོར་དྲངས། དེ་དག་གི་ཕྱིར་སོ་སོར་དྲངས། ཁོང་མཉམ་ཟ་བའི་མི་སེར་པ་རྣམས་ཀྱི་ཕྱིར་ཡང་སོ་སོར་དྲངས་སོ། ཅི་ལ་ཟེར་ན། མི་སེར་པས་ཨིབ་རི་པ་དང་མཉམ་དུ་ཟས་ཟ་བ་མི་སེར་པའི་ལུགས་ལ་མི་གཙང་བ་ཞེན་ལོག་ཅིག་ཡིན་པས་ཟ་མ་བཏུབ་པ་ཡིན་པའི་ཕྱིར་རོ། ༣༣ ཁོ་རྣམས་དེའི་ཐད་དུ་འདུག་སྟེ་རྒན་གཞོན་རིམ་པ་བཞིན་སྔོན་སྐྱེས་ནས་མཐའ་ཆུང་གི་བར་དུ་བཞག་པས། མི་དེ་རྣམས་གཅིག་གིས་གཅིག་ལ་ལྟ་སྟེ་ངོ་མཚར་དུ་གྱུར་ཏོ། ༣༤ ཡང་དེས་རང་གི་དྲུང་ནས་བཟའ་བ་བླངས་ནས་སྐལ་བ་བཅད་ནས་དེ་དག་ལ་བཀལ་ཏོ། དེ་དག་གི་སྐལ་བ་ལས་བེན་ཡ་མིན་ལ་ལྔ་ལྡབ་ཐོབ། ཡང་ཁོང་དང་མཉམ་དུ་ཆང་འཐུང་ཞིང་སྐྱིད་པོ་བྱས་སོ༎