༤༢
ཡ་ཀོབ་ཀྱིས་མི་སེར་ཡུལ་ན་ནས་བཟན་ཡོད་པར་མཐོང་ནས་བུ་རྣམས་ལ། ཁྱེད་གཅིག་གིས་གཅིག་ལ་ལྟ་བ་དེ་ཅི་ཡིན་སྨྲས་ནས། ༢ ཡང་ལྟོས་ཤིག ངས་མི་སེར་ཡུལ་ན་ཉོ་བྱའི་གྲོ་ནས་ཡོད་པར་ཐོས་པས་དེར་སོང་ལ་ང་ཚོ་མ་ཤི་བར་གསོན་པའི་ཕྱིར་དེ་རུ་གྲོ་ནས་ཉོས་ཏེ་དྲོངས་ཤིག་ཅེས་སྨྲས་སོ། ༣ ཡོ་སེབ་ཀྱི་སྤུན་བཅུ་གྲོ་ནས་ཉོ་བའི་ཕྱིར་མི་སེར་ཡུལ་དུ་སོང་ངོ་། ༤ འོན་ཀྱང་ཡོ་སེབ་ཀྱི་སྤུན་བེན་ཡ་མིན་དེ་ཡ་ཀོབ་ཀྱིས་རང་གི་སེམས་ལ་དེ་ལ་བར་ཆད་འབྱུང་ལས་ཆེ་སྨྲས་པས། དེའི་སྤུན་རྣམས་དང་མཉམ་དུ་མ་བཏང་ངོ་། ༥ དེ་ལྟར་ཀ་ན་ཨན་ཡུལ་ན་མུ་གེ་ཤོར་བའི་དུས་སུ་དེ་རུ་གྲོ་ཉོ་བའི་མི་དང་མཉམ་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱང་གྲོ་ནས་ཉོ་བའི་ཕྱིར་སོང་ངོ་༎༦ ཡང་ཡུལ་དེའི་རྒྱལ་མ་བློན་ཡོ་སེབ་ཀྱིས་ཡུལ་གྱི་མི་ཐམས་ཅད་ལ་གྲོ་ནས་བཙོངས་པས། ཡོ་སེབ་ཀྱི་སྤུན་རྣམས་དེ་རུ་ཕྱིན་ནས་དེའི་ཞབས་ལ་མགོ་བཏུད་དོ། ༧ ཡོ་སེབ་རང་གི་སྤུན་རྣམས་ལ་བལྟས་ནས་ངོ་ཤེས་ཀྱང་ངོ་མི་ཤེས་པ་ལྟར་བྱས་ཏེ། དེ་དག་ལ་གཏམ་དྲག་པོ་བྱས་ཏེ་གང་ནས་ཡོངས་སྨྲས་ནས། དེ་དག་གིས་ཀ་ན་ཨན་ཡུལ་ནས་ཁ་ཟས་ཉོ་བའི་ཕྱིར་ཡོངས་པ་ཡིན་སྨྲས་སོ། ༨ ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ངོ་ཤེས་ཀྱང་། དེ་དག་གིས་ཁོ་ངོ་མ་ཤེས་སོ། ༩ ཡང་ཡོ་སེབ་ཀྱིས་དེ་དག་ལ་རྟེན་ཏེ་སྔར་རྨི་ལམ་གྱི་ནང་ན་ཅི་མཐོང་བ་རྣམས་དྲན་ཏེ་དེ་དག་ལ། ཁྱེད་ལྟ་ཉུལ་པ་ཡིན་ཏེ། ཡུལ་གྱི་ཚོད་ལྟ་བའི་ཕྱིར་ཉུལ་དུ་འོངས་པ་ཡིན་སྨྲས་སོ། ༡༠ དེ་དག་གིས་ཇོ་བོ་མ་ཡིན། བྲན་རྣམས་ཁ་ཟས་ཉོ་བའི་ཕྱིར་འོངས་པ་ཡིན། ༡༡ ངེད་ཐམས་ཅད་ནི་མི་གཅིག་གི་བུ་རྣམས་ཡིན་ཏེ། དྲང་པོ་བྱེད་ཅིང་བྲན་རྣམས་ཀྱིས་ནམ་ཡང་ལྟ་ཉུལ་པ་མ་བྱས་ཞུས་སོ། ༡༢ ཁོས་དེ་དག་ལ། དེ་བཞིན་དུ་མ་ཡིན་གྱི་ཡུལ་གྱི་ས་ཚོད་ལྟ་བའི་ཕྱིར་ཡོངས་པ་ཡིན་སྨྲས་པ་དང་། ༡༣ དེ་རྣམས་ཀྱིས་ཞུས་པ། ཇོ་བོའི་བྲན་པོ་རྣམས་སྤུན་བཅུ་གཉིས་ཡོད། ཀ་ན་ཨན་ཡུལ་ན་ཡོད་པའི་མི་ཞིག་གི་བུ་རྣམས་ཡིན། མཐའ་ཆུང་ད་ལྟ་ཕའི་ཁྱིམ་ན་ཡོད། གཅིག་ནི་མེད་དོ་སྨྲས་པ་ལས། ༡༤ ཡོ་སེབ་ཀྱིས། ངས་ཁྱེད་ལྟ་ཉུལ་པ་ཡིན་ཟེར་བ་བཞིན་དུ་ཡིན་པས། ༡༥ ངས་ཕར་ཨོ་ཡི་སྐུ་སྲོག་དཔང་དུ་འཛུག་ཅིང་། ཁྱོད་ཅག་གི་ཚོད་འདི་ལྟར་ལེན་པར་བྱ་སྟེ། ཁྱོད་ཅག་གི་སྤུན་མཐའ་ཆུང་འདིར་སླེབས་པའི་བར་དུ་ཁྱེད་ཅག་འདི་ནས་འགྲོ་བར་མི་བྱའོ། ༡༦ ཁྱེད་ཀྱི་ནང་ནས་གཅིག་སྤུན་འདི་རུ་ཁྲིད་དུ་ཐོང་ཞིག ཡང་ཁྱོད་ཅག་གི་གཏམ་བདེན་ནམ་མི་བདེན་སད་པའི་ཕྱིར་ཁྱོད་ཅག་བཙོན་རའི་ནང་སྡོད་ཅིག དེ་མིན་ངས་ཕར་ཨོ་ཡི་སྐུ་སྲོག་དཔང་དུ་འཛུག་སྟེ། ཁྱོད་ཅག་ལྟ་ཉུལ་པ་ཡིན་པར་ངེས་སོ་ཞེས་སྨྲས་སོ། ༡༧ ཡང་དེ་དག་ཐམས་ཅད་ཞག་གསུམ་གྱི་བར་དུ་བཙོན་དུ་བཅུག་གོ།
༡༨ དེ་ནས་ཞག་གསུམ་པ་ལ་ཡོ་སེབ་ཀྱིས་དེ་རྣམས་ལ། གཏམ་འདི་བཞིན་དུ་བྱེད་ན་འཚོ་བར་འགྱུར། ང་ཡང་དཀོན་མཆོག་ལ་འཇིགས་མཁན་ཞིག་ཡིན། ༡༩ ཁྱོད་ཅག་དྲང་པོ་ཡིན་ན་སྤུན་གྱི་ནང་ནས་གཅིག་བཙོན་ཁང་དུ་བཙོན་དུ་སྡོད་ལ། ཁྱོད་ཅག་ནི་ཁང་པའི་མི་ལ་དགོས་པའི་གྲོ་ནས་ཁྱེར་ཏེ་སོང་དང་། ༢༠ མཐའ་ཆུང་ངའི་རྩར་ཁྲིད་ཤོག དེ་ནས་ཁྱོད་ཅག་གི་གཏམ་བདེན་པ་ཡིན་པ་ངེས་པར་གྱུར་ནས་ཁྱོད་ཅག་ཤི་མི་ཡོང་སྨྲས་ཏེ། དེ་དག་གིས་དེ་བཞིན་དུ་བྱས་སོ། ༢༡ གཅིག་ལ་གཅིག་གིས་ངེད་སྤུན་ལ་ཉེས་པ་བྱེད་པའི་ཚེ། ཁོ་ཁོང་འཁྲུགས་ཤིང་ང་ཚོ་ལ་སྙིང་རྗེ་བྱོས་ཤིག་ཞུས་པ་ང་ཚོས་ཐོས་ཀྱང་མ་ཉན་པས། དེའི་ལན་དུ་སྡུག་བསྔལ་འདི་ངེད་རྣམས་ལ་བབས་སོ་ཞེས་ཟེར་ཏོ། ༢༢ རུ་བེན་གྱིས་དེ་དག་ལ། ངས་ཁྱེད་ལ་ཁྱེའུ་ལ་ཉེས་པ་མ་བྱེད་ཅིག་མ་ཟེར་རམ། འོན་ཀྱང་ཁྱེད་ཅག་གིས་གཏམ་དེ་ལ་མ་ཉན་པས། ལྟོས་ཤིག་ད་ལྟ་དེའི་ཁྲག་གི་ལན་ལེན་ནོ་ཞེས་ཟེར་ཏོ། ༢༣ སྐད་པ་ཞིག་གིས་སྐད་བསྒྱུར་ཏེ་ཡོ་སེབ་ཀྱིས་དེ་དག་ལ་གཏམ་བྱས་པས། དེ་དག་གིས་ཁོས་སྐད་ཧ་གོ་མཁན་ཡིན་པ་མ་ཤེས་སོ། ༢༤ དེའི་ཚེ་ཡོ་སེབ་དེ་དག་གི་དྲུང་ནས་སོང་སྟེ་ངུས་སོ། དེ་ནས་ཕྱིར་འོངས་ཏེ་དེ་དག་ལ་གཏམ་བྱས་པ་དང་། དེ་དག་གི་ནང་ནས་ཤིམ་ཨོན་བཟུང་ནས་དེ་དག་གི་མིག་གི་མདུན་དུ་བཀྱིགས་སོ༎
༢༥ དེའི་རྗེས་ལ་ཡོ་སེབ་ཀྱིས་དེ་དག་གི་ཕད་རྣམས་གྲོ་ནས་ཀྱིས་བཀང་སྟེ་རེ་རེའི་དངུལ་རང་གི་ཕད་ཀྱི་ནང་དུ་ཕྱིར་བཅུག་ནས་ལམ་རྒྱགས་ཀྱང་ཐོང་ཞིག་ཅེས་བཀའ་གནང་ནས། དེ་བཞིན་དུ་བྱས་སོ། ༢༦ དེ་དག་གིས་ནས་བཟན་བོང་བུ་རྣམས་ལ་བཀལ་ནས་སོང་ངོ་། ༢༧ དེ་ནས་དགོངས་ས་རུ་གཅིག་གིས་བོང་བུ་ལ་ཆག་སྟེར་བའི་ཕྱིར་ཕད་བཀྲོལ་ནས་དངུལ་མཐོང་། ལྟོས་ཤིག་ཕད་ཀྱི་ཁ་ལ་ཡོད་པར་མཐོང་ངོ་། ༢༨ སྤུན་རྣམས་ལ། དངུལ་ང་ལ་ཕྱིར་ལོག་བཏང་ནས་ངའི་ཕད་རང་གི་ནང་ན་འདུག ལྟོས་ཤིག་ཟེར་བ་དང་། དེ་དག་གི་དྲན་པ་སྟོར་ནས། འཇིགས་ཏེ་གཅིག་ལ་གཅིག་དཀོན་མཆོག་གིས་འདི་ང་ཚོ་ལ་མཛད་པའི་དོན་ཅི་ཡིན་ཞེས་ཟེར་ཏོ༎
༢༩ དེ་ནས་ཕའི་དྲུང་དུ་ཀ་ན་ཨན་ཡུལ་དུ་ཕྱིར་ལོག་ནས། དེ་རྣམས་ཀྱིས་ཅི་བྱུང་བ་དེ་ཐམས་ཅད་བཤད་ཅིང་སྨྲས་པ། ༣༠ ཡུལ་ན་དབང་བྱེད་པའི་མིས་ངེད་ལ་གཏམ་དྲག་པོ་བྱེད་དེ་ཁྱེད་ལྟ་ཉུལ་པ་ཡིན་ཟེར་ནས། ༣༡ ངེད་ཀྱིས་དེ་ལ། ངེད་མི་དྲང་པོ་རྣམས་ཡིན། ནམ་ཡང་ལྟ་ཉུལ་པ་མ་བྱས། ༣༢ ངེད་རྣམས་ཕ་གཅིག་གི་སྤུན་བཅུ་གཉིས་ཡོད། གཅིག་ནི་མེད། མཐའ་ཆུང་ནི་ཀ་ན་ཨན་ཡུལ་ན་ཕའི་ཁྱིམ་ན་ཡོད་ཟེར་བས། ༣༣ ཡུལ་གྱི་མངའ་བདག་གིས་ཁྱེད་དྲང་པོ་ཡིན་པ་ཤེས་པའི་ཕྱིར་སྤུན་གཅིག་ངའི་རྩར་ཞོག་ལ་ཁྱེད་ཀྱི་ཁང་པའི་ཕྱིར་འཚོ་རྒྱགས་ཁྱེར་ཏེ་སོང་ཞིག ༣༤ དེ་ནས་ཁྱེད་ལྟ་ཉུལ་པ་མ་ཡིན་པར་དྲང་པོ་ཡིན་པ་ངས་ཤེས་པའི་ཕྱིར་མཐའ་ཆུང་འདི་རུ་ཁྲིད་ཤོག་ཅིག དེ་བཞིན་དུ་བྱས་ན་ངས་ཁྱེད་ཀྱི་སྤུན་ཁྱེད་ལ་ཕྱིར་ཟློག་པ་དང་། ཁྱེད་ཡུལ་འདི་ན་ཉོ་ཚོང་བྱོས་ཤིག་ཅེས་སྨྲས་སོ༎
༣༥ དེ་ནས་དེ་དག་གི་ཕད་ཀྱི་གྲོ་ནས་བླུགས་ཙ་ན་ལྟོས་ཤིག རེ་རེའི་དངུལ་གྱི་ཐུམ་པོ་རང་རང་གི་ཕད་ནང་ཡོད་པ་ཡིན། དེ་དག་དང་། དེ་རྣམས་ཀྱི་ཕ་དངུལ་གྱི་ཐུམ་པོ་དེ་མཐོང་ནས་འཇིགས་སོ། ༣༦ ཕ་ཡ་ཀོབ་ཀྱིས་དེ་དག་ལ། ཁྱོད་ཅག་གིས་ང་ཕྲུ་གུ་དང་ཕྲལ་ནས། ཡོ་སེབ་ཀྱང་མེད། ཤིམ་ཨོན་མེད། ཁྱེད་ཀྱིས་ད་བེན་ཡ་མིན་ཡང་ཁྱེར་བར་སེམས་སོ། སྡུག་བསྔལ་ཚང་མ་ང་ལ་བབས་སོ་ཞེས་སྨྲས་སོ། ༣༧ རུ་བེན་གྱིས་ཕ་ལ་སྨྲས་པ། ངས་ཁྱེད་ལ་དེ་ཕྱིར་ལོག་ཁྲིད་མི་ཡོང་ན་ངའི་བུ་གཉིས་སོད་ཅིག ཁྱོད་ཁོ་ངའི་ལག་ཏུ་བཅོལ་ན་ངས་ཁོ་ཁྱེད་ལ་ཕྱིར་འཁྲིད་ཡོང་། ༣༨ དེས་སྨྲས་པ། ངའི་བུ་ཁྱེད་དང་མཉམ་དུ་མི་གཏོང་། དེའི་ཨ་ཇོ་ཤི་ནས་ཁོ་གཅིག་པུར་ལུས་པས། ད་ཁྱོད་ཅག་འགྲོ་བའི་ལམ་ལ་དེ་ལ་བར་ཆད་ཅིག་འབྱུང་ན། ཁྱོད་ཅག་གིས་ངའི་སྐྲ་དཀར་དེ་མྱ་ངན་དང་བཅས་སུ་དུར་ཁུང་ནང་འབེབས་པར་འགྱུར་རོ༎