༤༡
དེ་ནས་ལོ་གཉིས་ཧྲིལ་གྱིས་ལོན་ནས་ཕར་ཨོས་རྨི་ལམ་རྨིས་སོ། ཀྱེ་ཧོ། ཁོ་གཙང་པོའི་འགྲམ་ན་ལངས་ནས་ཡོད་པ་དང་།  བ་ལྟ་ན་སྡུག་པ་ཤ་རྒྱགས་པ་བདུན་གཙང་པོ་ནས་བྱུང་སྟེ་ཆུའི་འགྲམ་ལ་རྩྭ་ཟོས་སོ།  ཡང་ལྟོས་ཤིག དེའི་རྗེས་སུ་བ་ཤིན་ཏུ་མི་སྡུག་ཅིང་ཤ་རིད་པ་བདུན་གཙང་པོ་ནས་བྱུང་སྟེ། བ་སྔོན་མ་དེའི་རྩར་གཙང་པོའི་འགྲམ་དུ་བསྡད་དོ།  བ་ལྟ་ན་མི་སྡུག་པ་ཤ་རིད་པས་བ་བཟང་ཞིང་རྒྱགས་པ་བདུན་པོ་ཟོས་པ་མཐོང་ནས། ཕར་ཨོ་གཉིད་སད་དོ།  ཡང་གཉིད་ལོག་སྟེ་སླར་ཡང་རྨི་ལམ་ན། ལྟོས་ཤིག་རྩ་བ་གཅིག་ནས་སྐྱེས་པའི་སྙེ་མ་སྡུག་པ་བཟང་པོ་བདུན་བྱུང་ངོ་།  དེའི་རྗེས་ལ་ཡང་སྙེ་མ་ཕྲ་མོ་ཤར་རླུང་གིས་སྐེམ་པ་བདུན་སྐྱེས་སོ།  སྙེ་མ་ཕྲ་མོས་སྙེ་མ་སྡུག་པ་བཟང་པོ་བདུན་པོ་དེ་ཟོས་པ་མཐོང་ངོ་། ཡང་ཕར་ཨོ་གཉིད་སད་ནས། དེ་ནི་རྨི་ལམ་ཡིན་པར་ཤེས་སོ།  དེ་ནས་སྔ་དྲོ་ཁོའི་སེམས་འཁྲུགས་པས་མི་སེར་ཡུལ་གྱི་འཕྲུལ་པ་ཐམས་ཅད་དང་མཁས་པ་ཐམས་ཅད་འབོད་བཅུག་ནས་ཕར་ཨོ་ཡིས་རང་གི་རྨི་ལམ་དེ་དག་ལ་བཤད་ཀྱང་། ཕར་ཨོ་ལ་དོན་འགྲེལ་མཁན་གང་ཡང་མ་བྱུང་ངོ་༎
 དེ་ནས་གཉེར་པ་ཆེན་པོས་ཕར་ཨོ་ལ། དེ་རིང་ངའི་སྡིག་པ་དྲན། ༡༠ ཕར་ཨོ་གཡོག་པོ་རྣམས་ལ་ཐུགས་ཁྲོས་ནས་ང་དང་གསོལ་དཔོན་ཆེན་པོ་གཉིས་སྐུ་སྲུང་བའི་འགོ་པའི་ཁང་པ་རུ་བཙོན་དུ་བཅུག་པའི་ཚེ། ༡༡ ངེད་ཅག་གིས་མཚན་མོ་རྨི་ལམ་མཐོང་སྟེ། རེ་རེས་དོན་སོ་སོ་རྨིས་སོ། ༡༢ དེར་ངེད་དང་མཉམ་དུ་ཨིབ་རི་པ་གཞོན་ནུ་སྐུ་སྲུང་བའི་འགོ་པའི་གཡོག་པོ་ཞིག་ཡིན་པ་དེ་ལ་ངེད་ཀྱིས་བཤད་པ་དང་། ཁོས་རེ་རེས་མཐོང་བའི་རྨི་ལམ་བཞིན་དུ་དོན་འགྲེལ་བྱས་སོ། ༡༣ དེ་ནས་ཁོས་དོན་འགྲེལ་བྱས་པ་བཞིན་དུ་བྱུང་སྟེ་ང་ལ་ལས་ཚན་ཕྱིར་ཐོབ། ཡང་དེ་ཤིང་ལ་བཏགས་ཏེ་བསད་པར་གྱུར་ཏོ་ཞེས་ཞུས་སོ༎
༡༤ དེ་ནས་ཕར་ཨོ་ཡིས་ཡོ་སེབ་འབོད་པའི་ཕྱིར་མི་བཏང་ནས་དེ་དག་གིས་ཁོ་བཙོན་ཁང་ནས་མྱུར་དུ་ལེན་པར་སོང་བ་དང་། དེས་སྐྲ་བཞར་ནས་གོས་བརྗེས་ཏེ་ཕར་ཨོའི་དྲུང་དུ་ནང་དུ་ཡོངས་སོ། ༡༥ དེར་ཕར་ཨོས་ཡོ་སེབ་ལ། ངས་རྨི་ལམ་ཞིག་མཐོང་ནས་དོན་འགྲེལ་ཐུབ་པ་སུའང་མེད་ཀྱི། ཁྱོད་རྨི་ལམ་ཞིག་བཤད་པ་ཐོས་མ་ཐག་ཏུ་དོན་ཡང་འགྲེལ་བ་ངས་ཐོས་སོ་ཞེས་སྨྲས་སོ། ༡༦ དེའི་ལན་དུ་ཡོ་སེབ་ཀྱིས་ཕར་ཨོ་ལ། དེ་ནི་ངའི་དབང་ལ་མི་འདུག དཀོན་མཆོག་གིས་ཕར་ཨོ་ལ་ལྟས་བཟང་ཞིག་སྟོན་པར་ཤོག་ཅིག་ཞུས་སོ། ༡༧ ཕར་ཨོས་ཡོ་སེབ་ལ། ལྟོས་ཤིག ང་གཙང་པོའི་འགྲམ་ལ་བསྡད་དེ། ༡༨ ཀྱེ་ཧོ་གཙང་པོ་ནས་བ་རྒྱགས་པ་ལྟ་ན་སྡུག་པ་བདུན་བྱུང་སྟེ། ཆུའི་འགྲམ་ལ་རྩྭ་ཟོས་སོ། ༡༩ དེའི་རྗེས་ལ་ཡང་བ་རིད་པ་ལྟ་ན་ཤིན་ཏུ་མི་སྡུག་པ་ཤ་སྐམ་པོ་བདུན་བྱུང་། དེ་ལྟ་བུའི་མི་སྡུག་པའི་བ་མི་སེར་ཡུལ་ཐམས་ཅད་ན་ངས་ནམ་ཡང་མ་མཐོང་ངོ་། ༢༠ དེ་ནས་བ་རིད་པ་མི་སྡུག་པ་བདུན་གྱིས་བ་སྔོན་མ་རྒྱགས་པ་རྣམས་ཟོས། དེ་དག་ཟོས་པའི་འོག་ཏུའང་དེ་དག་གིས་དེ་རྣམས་ཟོས་པའང་ཤེས་པར་མ་གྱུར་ཏོ། ༢༡ འོན་ཀྱང་སྔར་ཡོད་པ་བཞིན་མི་སྡུག་པ་ཡོད་པ་ཡིན། དེ་ལྟར་མཐོང་ནས་ང་གཉིད་སད་དོ། ༢༢ དེ་ནས་ཡང་རྨི་ལམ་དུ། རྐང་གཅིག་ལ་སྙེ་མ་སྡུག་པོ་བཟང་པོ་བདུན་བྱུང་བ་མཐོང་བྱུང་། ༢༣ དེའི་རྗེས་ལ་ཡང་སྙེ་ལོང་རྙིད་པོ་ཤར་རླུང་གིས་སྐེམ་པ་བདུན་སྐྱེས་ཏེ། ༢༤ སྙེ་མ་ཕྲ་མོ་བདུན་གྱིས་སྙེ་མ་བཟང་པོ་བདུན་ཟོས་སོ། དེ་ལྟར་མཐོང་ནས་འཕྲུལ་པ་རྣམས་ལ་བཤད་ཀྱང་། དེའི་དོན་འགྲེལ་ཐུབ་པ་གཅིག་ཀྱང་མ་ཐོན་ཞེས་སྨྲས་སོ༎
༢༥ ཡོ་སེབ་ཀྱིས་ཕར་ཨོ་ལ། རྨི་ལམ་དེ་གཉིས་ཀྱི་དོན་གཅིག་གོ། དཀོན་མཆོག་གིས་ཅི་མཛད་པར་འགྱུར་བ་དེ་ཕར་ཨོ་ལ་བཤད་པ་ཡིན། ༢༦ བ་བཟང་པོ་བདུན་ནི་ལོ་བདུན་ཡིན། སྙེ་མ་བཟང་པོ་བདུན་ཡང་ལོ་བདུན་ཡིན་ཏེ་རྨི་ལམ་གྱི་དོན་གཅིག་གོ། ༢༧ དེའི་རྗེས་སུ་བྱུང་བའི་བ་རིད་པ་མི་སྡུག་པ་བདུན་ཡང་ལོ་བདུན་ཡིན། དེ་ལྟར་སྙེ་མ་ཕྲ་མོ་ཤར་རླུང་གིས་སྐེམ་པ་བདུན་གྱི་དོན་ནི་ལོ་བདུན་གྱི་བར་དུ་མུ་གེ་འབྱུང་བར་འགྱུར་རོ། ༢༨ དཀོན་མཆོག་གིས་ཅི་མཛད་པར་འགྱུར་བ་ཕར་ཨོ་ལ་བསྟན་པ་ཡིན། དེ་ནི་ངས་ཕར་ཨོ་ལ་བཤད་པ་དེ་རང་ཡིན། ༢༩ གཟིགས་ཤིག མི་སེར་ཡུལ་ཚང་མ་ལ་ལོ་ལེགས་པ་བདུན་བྱུང་ནས། ༣༠ དེའི་རྟིང་ལ་ལོ་བདུན་གྱི་བར་དུ་མུ་གེ་འབྱུང་ཡོང་། མི་སེར་ཡུལ་ན་ཡོད་པའི་ལོ་ལེགས་པ་ཚང་མ་བརྗེད་ནས་མུ་གེས་ཡུལ་སྟོངས་པར་འགྱུར་རོ། ༣༡ མུ་གེ་དེ་ནི་ཤིན་ཏུ་ཆེ་བས། ཡུལ་ན་སྔོན་ལ་ཡོད་པའི་ལོ་ལེགས་པའི་ཤུལ་ལུས་པར་མི་འགྱུར་རོ། ༣༢ ཕར་ཨོས་ལན་གཉིས་ལྡབ་ནས་རྨི་ལམ་མཐོང་བའི་དོན་ནི། འདི་ནི་དཀོན་མཆོག་གི་ཐུགས་ལ་ཐག་བཅད་ནས། དཀོན་མཆོག་གིས་མྱུར་དུ་སྒྲུབ་པར་འགྱུར་རོ། ༣༣ ད་ཕར་ཨོས་མི་བློ་གྲོས་ཅན་མཁས་པ་ཞིག་བསྐོས་ཏེ། མི་སེར་ཡུལ་དེའི་དབང་དུ་གནང་ནས། ༣༤ ཕར་ཨོས་མི་དེ་ལ་ཡུལ་ན་བལྟ་མཁན་རྣམས་འཇོག་པ་དང་། ལོ་ལེགས་པ་བདུན་གྱི་རིང་དུ་མི་སེར་ཡུལ་གྱི་ལྔ་ཁག་ལེན་པའི་བཀའ་གནོང་ཞིག ༣༥ དེ་དག་གིས་འོང་བའི་ལོ་ལེགས་པ་བདུན་གྱི་ཁ་ཟས་ཐམས་ཅད་སོག་པ་དང་། ཕར་ཨོ་ལ་བདོག་པའི་ཕྱིར་གྲོ་ནས་སྤུངས་ནས། གྲོང་ཁྱེར་རྣམས་ན་ཡོད་པའི་བང་མཛོད་དུ་འཇུག་པར་དགོས། ༣༦ ཡང་མུ་གེའི་དུས་སུ་ཡུལ་མི་འཇིག་པའི་ཕྱིར་འཚོ་བ་འདི་ལོ་བདུན་གྱི་བར་དུ་མི་སེར་ཡུལ་ན་འོང་བའི་མུ་གེའི་ཕྱིར་ཚང་བའི་བཀའ་གནང་འཚལ་ཞེས་གསོལ་ཏོ༎
༣༧ གཏམ་དེ་ལ་ཕར་ཨོ་དང་དེའི་གཡོག་པོ་ཐམས་ཅད་དགའ་བས། ༣༨ ཕར་ཨོས་གཡོག་པོ་རྣམས་ལ། དཀོན་མཆོག་གི་ཐུགས་ཉིད་དང་ལྡན་པའི་མི་འདི་ལྟ་བུ་ཞིག་བརྙེད་པར་ཐུབ་བམ་ཞེས་སྨྲས་སོ། ༣༩ དེ་ནས་ཕར་ཨོས་ཡོ་སེབ་ལ། དཀོན་མཆོག་གིས་ཁྱོད་ལ་དེ་ཐམས་ཅད་མངོན་པར་མཛད་དེ་ཁྱོད་དང་འདྲ་བའི་མི་བློ་གྲོས་ཅན་མཁས་པ་སུའང་མེད་པས། ༤༠ ངའི་ཁྲི་གཅིག་པོ་ཁྱོད་ཀྱི་དབང་དུ་མི་འོང་། དེ་མིན་ཁྱོད་ཀྱིས་ངའི་ཁང་པ་ལ་དབང་བྱོས་ལ། ངའི་ཡུལ་གྱི་མི་ཐམས་ཅད་ཀྱིས་ཁྱོད་ཀྱི་བཀའ་ལ་ཉན་དགོས་ཤེས་བཀའ་གནང་ངོ་། ༤༡ ཡང་ཕར་ཨོས་ཡོ་སེབ་ལ། ལྟོས་ཤིག ངས་མི་སེར་ཡུལ་ཐམས་ཅད་ཁྱོད་ཀྱི་དབང་དུ་བཏང་ངོ་ཞེས་བཀའ་གནང་ནས། ༤༢ ཕར་ཨོས་རང་གི་ལག་པ་ནས་སོར་གདུབ་ཕྱུང་སྟེ་ཡོ་སེབ་ཀྱི་ལག་པ་ལ་བཏགས། རང་གོས་གོན་དུ་བཅུག གསེར་ཕྲེང་དེའི་མགུལ་དུ་བཏགས་སོ། ༤༣ ཡང་ཁོ་ལ་ཡོད་པའི་ཤིང་རྟ་འབྲིང་པོ་ལ་བསྐྱོན་པ་དང་། དེའི་སྔོན་དུ་མི་བཏང་སྟེ། དེ་དག་གིས། འདི་ལ་པུས་མོ་ཐུད་ཅེས་འབོད་བསྒྲགས་སོ། དེ་ལྟར་མི་སེར་ཡུལ་ཚང་མ་དེའི་དབང་དུ་བཏང་ངོ་། ༤༤ ཡང་ཕར་ཨོས་ཡོ་སེབ་ལ། ང་ཕར་ཨོ་ཡིན་ཏེ་ཁྱོད་ཀྱིས་མི་གནང་བར་མི་སེར་ཡུལ་ཐམས་ཅད་ཀྱི་མི་སུས་ཀྱང་རང་གི་ལག་པའམ་རྐང་པ་ཡང་འདེགས་པར་མི་དགོས་ཅེས་བསྒོ་བ་དང་། ༤༥ ཕར་ཨོས་ཡོ་སེབ་ཀྱི་མིང་ཚབ་ནད་ཕ་ནེ་ཨ་ཞེས་བཏགས་པ་དང་། ཨོན་ཡུལ་གྱི་བླ་མ་ཕོ་ཏི་ཕེ་རཱ་བྱ་བའི་བུ་མོ་ཨས་ནད་ཆུང་མར་བཏང་ངོ་། དེའི་རྗེས་སུ་ཡོ་སེབ་་མི་སེར་ཡུལ་དུ་རྒྱུ་བར་བྱས་སོ༎
༤༦ ཡོ་སེབ་་མི་སེར་ཡུལ་གྱི་རྒྱལ་པོ་ཕར་ཨོ་ཡི་དྲུང་དུ་བྱུང་བའི་དུས་སུ་ལོ་སུམ་ཅུ་ལོན་ནོ། ཡང་ཡོ་སེབ་ཕར་ཨོ་ཡི་དྲུང་ནས་སོང་བ་དང་མི་སེར་ཡུལ་ཀུན་ཏུ་འཁོར་ཏོ། ༤༧ ཡང་ལོ་ལེགས་པ་བདུན་གྱི་ནང་དུ་སྟོན་ཐོག་མང་པོ་བྱུང་ངོ་། ༤༨ ཁོས་མི་སེར་ཡུལ་ན་བྱུང་བའི་ལོ་ལེགས་པ་བདུན་གྱི་ནས་བཟན་ཐམས་ཅད་བསགས་པ་དང་། ནས་བཟན་གྲོང་ཁྱེར་རྣམས་སུ་བཞག གྲོང་ཁྱེར་རེ་རེའི་ཡུལ་འཁོར་ལ་ཡོད་པའི་ཞིང་ནས་ཐོན་པའི་ནས་བཟན་རྣམས་རང་རང་གི་གྲོང་ཁྱེར་དུ་བཞག་གོ། ༤༩ དེ་ལྟར་ཡོ་སེབ་ཀྱིས་གྲོ་ནས་རྒྱ་མཚོའི་བྱེ་མ་ལྟར་གྲངས་ལས་འདས་ཤིང་དཔག་ཏུ་མེད་པ་མང་པོ་སྤུངས་སོ༎
༥༠ ཡང་མུ་གེ་མ་ཤོར་བའི་སྔོན་ལ་ཨོན་ཡུལ་གྱི་བླ་མ་ཕོ་ཏི་ཕེ་རཱའི་བུ་མོ་ཨས་ནད་དང་བར་ལ་ཡོ་སེབ་ལ་བུ་གཉིས་སྐྱེས་སོ། ༥༡ ཡོ་སེབ་ཀྱིས་སྔོན་སྐྱེས་ཀྱི་མིང་མ་ན་ཤེ་བཏགས་སོ། གང་ལ་ཟེར་ན། དཀོན་མཆོག་གིས་ངའི་སྡུག་བསྔལ་ཐམས་ཅད་དང་ཕའི་ཁང་པ་ཐམས་ཅད་རྗེད་པར་མཛད་དོ་ཞེས་ཟེར་བའི་ཕྱིར་རོ། ༥༢ གཉིས་པའི་མིང་ཁོས་ཨེབ་ར་ཨིམ་བཏགས་ཏེ། དཀོན་མཆོག་གིས་ང་སྡུག་བསྔལ་མྱང་བའི་ཡུལ་ན་ང་བརྒྱུད་དང་ལྡན་པར་མཛད་དོ་ཞེས་སྨྲས་སོ༎
༥༣ ཡང་མི་སེར་ཡུལ་ན་ཡོད་པའི་ལོ་ལེགས་པ་བདུན་དེ་རྫོགས་ནས། ༥༤ ཡོ་སེབ་ཀྱིས་སྨྲས་པ་བཞིན་དུ་མུ་གེའི་ལོ་བདུན་འོང་བའི་འགོ་ཚུགས་པས། ཡུལ་ཐམས་ཅད་ལ་མུ་གེ་ཤོར་གྱི། མི་སེར་ཡུལ་ན་ཁ་ཟས་ཡོད་དོ། ༥༥ དེ་ནས་མི་སེར་ཡུལ་ཐམས་ཅད་ལ་ཡང་མུ་གེ་ཤོར་བའི་ཚེ། མི་རྣམས་ཀྱིས་ཕར་ཨོ་ལ། ངེད་ལ་ཁ་ཟས་གནོང་ཞིག་ཅེས་སྐད་ཆེན་པོས་ཞུས་ནས། ཕར་ཨོས་མི་སེར་པ་རྣམས་ལ། ཡོ་སེབ་ཀྱི་དྲུང་དུ་སོང་ལ་ཁོས་སྨྲས་པ་བཞིན་དུ་བྱོས་ཤིག་ཅེས་བཀའ་གནང་ངོ་། ༥༦ ད་ཡུལ་ཐམས་ཅད་ལ་མུ་གེ་ཤོར་བས། ཡོ་སེབ་ཀྱིས་བང་མཛོད་ཐམས་ཅད་ཕྱེ་སྟེ། མི་སེར་པ་རྣམས་ལ་གྲོ་ནས་བཙོངས་སོ། ༥༧ ཅི་ལ་ཟེར་ན། མི་སེར་ཡུལ་ན་མུ་གེ་ཆེ་བའི་ཕྱིར་རོ། ཡུལ་ཁམས་ཐམས་ཅད་ལ་ཡང་མུ་གེ་ཆེ་བས། ཡུལ་ཐམས་ཅད་ཀྱི་མིས་ཡོ་སེབ་ནས་གྲོ་ནས་ཉོ་བའི་ཕྱིར་མི་སེར་ཡུལ་དུ་འོངས་སོ༎