༤༠
བྱ་བ་དེའི་རྗེས་སུ་མི་སེར་ཡུལ་གྱི་རྒྱལ་པོའི་གཉེར་པ་དང་གསོལ་དཔོན་གཉིས་ཀྱིས་རྗེ་བོ་མི་སེར་ཡུལ་གྱི་རྒྱལ་པོ་ལ་ཉེས་པ་བྱས་སོ།  ཕར་ཨོ་གཉེར་པ་ཆེན་པོ་དང་གསོལ་དཔོན་ཆེན་པོ་གཉིས་ལ་ཁྲོས་ཏེ།  སྐུ་སྲུང་བའི་འགོ་པའི་ཁང་པར་ཡོ་སེབ་བཀར་ཡོད་པའི་བཙོན་ཁང་དུ་བཅུག་པ་དང་།  སྐུ་སྲུང་བའི་འགོ་པས་དེ་དག་ཡོ་སེབ་ལ་བཏད་ནས། དེས་དེ་དག་ལ་ཞབས་ཏོག་བྱས་སོ། དེ་དག་དུས་ཧ་ལམ་ཞིག་བཙོན་ཁང་དུ་ལུས་ནས།  དེ་གཉིས་ཀྱིས་རྨི་ལམ་མཐོང་སྟེ། མཚན་མོ་གཅིག་རང་ལ་རེ་རེས་རྨི་ལམ་མཐོང་། བཙོན་ཁང་ལ་འདུག་པའི་མི་སེར་ཡུལ་གྱི་རྒྱལ་པོའི་གཉེར་པ་དང་གསོལ་དཔོན་གཉིས་ཀྱིས་རེ་རེས་རང་གི་དོན་དུ་རྨི་ལམ་མཐོང་ངོ་།  སྔ་དྲོ་ཡོ་སེབ་དེ་དག་གི་རྩར་སོང་སྟེ་བལྟས་པས། ཁོ་རྣམས་ཚེར་བ་མཐོང་ངོ་།  ཁོ་རང་དང་མཉམ་དུ་ཁྱིམ་བདག་གི་ཁང་པ་རུ་བཙོན་དུ་བཅུག་པའི་ཕར་ཨོ་ཡི་ཁབ་ཀྱི་མི་རྣམས་ལ་དྲིས་པ། ཁྱོད་ཅག་དེ་རིང་སེམས་སྐྱོ་མོ་མཐོང་བ་དེ་ཅི་ཡིན་ཟེར་ཏོ།  དེ་དག་གིས། ང་གཉིས་ཀྱི་རྨི་ལམ་རྨིས་ནས་དོན་འགྲེལ་མཁན་ཞིག་མེད་དོ། ཡོ་སེབ་ཀྱིས་དེ་རྣམས་ལ། དཀོན་མཆོག་གཅིག་པུས་དོན་འགྲེལ་བར་མི་མཛད་དམ། ད་ང་ལ་ཤོད་ཅིག་ཅེས་སྨྲས་ནས།
 གཉེར་པ་ཆེན་པོས་མཐོང་བའི་རྨི་ལམ་ཡོ་སེབ་ལ་བཤད་དེ་སྨྲས་པ། ངའི་རྨི་ལམ་ན་ངའི་མིག་གི་མདུན་དུ་རྒུན་ཤིང་ཡོད་པ་ཡིན། ༡༠ རྒུན་ཤིང་ལ་ཡོད་པའི་ཡལ་ག་གསུམ་ལ་ལོ་མ་སྐྱེས་མ་ཐག་ཏུ་མེ་ཏོག་ཡང་བྱུང་། རྒུན་འབྲུམ་གྱི་འབྲས་བུ་ཡང་ཆགས་ནས་སྨིན་པ་དང་། ༡༡ ཕར་ཨོ་ཡི་མཆོད་ཞལ་ཡང་ངའི་ལག་པ་ལ་ཡོད་པས་འབྲས་བུ་དེ་ཉིད་ཕར་ཨོ་ཡི་མཆོད་ཞལ་གྱི་ནང་དུ་བཙིར་ནས་མཆོད་ཞལ་ཕར་ཨོ་ཡི་ཕྱག་ཏུ་ཕུལ་བར་རྨིས་སོ། ༡༢ ཡོ་སེབ་ཀྱིས་དེ་ལ་དོན་འགྲེལ་འདི་ལྟ་སྟེ། ཡལ་ག་གསུམ་ནི་ཞག་གསུམ་ཡིན་ནོ། ༡༣ ཞག་གསུམ་གྱི་རྗེས་ལ་ཕར་ཨོ་ཡིས་ཁྱོད་ཀྱི་མགོ་བཏེགས་ཏེ། ཁྱོད་སྔར་གཉེར་པ་བྱས་ཏེ་ཕར་ཨོ་ཡི་ཕྱག་ཏུ་མཆོད་ཞལ་ཕུལ་བ་བཞིན་དུ་སྔར་གྱི་ལས་ཚན་དུ་ཡང་འཇུག་པར་འགྱུར་རོ། ༡༤ དེ་ནས་ཁྱོད་བདེ་བར་འགྱུར་བའི་ཚེ་ང་དྲན་ན། ཁྱོད་ཀྱིས་ངའི་དྲིན་དྲན་ཏེ་ཕར་ཨོ་ལ་ངའི་གཏམ་ཞུས་ནས་ཁང་པ་འདི་ལས་ང་ཐར་བར་བྱོས་ཤིག ༡༥ བདེན་པར་ང་ཨིབ་རི་པའི་ཡུལ་ནས་བརྐུས་ནས་འཁྱེར་འོངས་པ་ཡིན། འདིར་ཡང་ངས་བཙོན་དུ་འཇུག་པའི་ལས་ངན་ཅིའང་མ་བྱས་སོ་ཞེས་སྨྲས་སོ༎
༡༦ གསོལ་དཔོན་ཆེན་པོས་དོན་བཟང་པོ་འགྲེལ་བར་ཐོས་ནས་ཡོ་སེབ་ལ། ངས་ཀྱང་རྨི་ལམ་ན་བག་ལེབ་དཀར་པོས་གང་བའི་གཟེབ་མ་གསུམ་མགོའི་ཁར་ཁུར་ཡོད་པ་ཡིན། ༡༧ གོང་མའི་ནང་ན་ཕར་ཨོ་ཡི་ཕྱིར་གཡོས་པའི་བཞེས་སྤྲོ་སྣ་ཚང་ཡོད་ཀྱི། ངའི་མགོ་ལ་ཁུར་ཡོད་པའི་གཟེབ་མའི་ནང་ནས་བྱ་རྣམས་ཀྱིས་ཟ་ཞིང་ཁྱེར་བ་རྨིས་སོ་ཞེས་བཤད་དོ། ༡༨ ཡོ་སེབ་ཀྱིས་དེ་ལ་དོན་འགྲེལ་འདི་ཡིན། གཟེབ་མ་གསུམ་ནི་ཞག་གསུམ་ཡིན། ༡༩ ཞག་གསུམ་གྱི་རྗེས་ལ་ཕར་ཨོས་ཁྱོད་ཀྱི་མགོ་བཏེགས་ཏེ་ཤིང་ལ་བཏགས་ནས་བྱ་རྣམས་ཀྱིས་ཁྱོད་ཀྱི་ཤ་ཟ་བར་འགྱུར་རོ་ཞེས་སྨྲས་སོ༎
༢༠ ཡང་ཞག་གསུམ་གྱི་རྗེས་སུ་ཕར་ཨོ་ཡི་སྐྱེ་ཞག་ཡིན་པས། གཡོག་པོ་ཐམས་ཅད་ལ་སྟོན་མོ་ཞིག་བྱས་པ་དང་། གཉེར་པ་ཆེན་པོ་དང་གསོལ་དཔོན་ཆེན་པོ་གཉིས་ཀྱི་མགོ་གཡོག་པོའི་ཁྲོད་ལས་བཏེགས་ཏེ། ༢༡ ཡོ་སེབ་ཀྱིས་རྨི་ལམ་གྱི་དོན་འགྲེལ་བ་བཞིན་དུ་གཉེར་པ་ཆེན་པོས་མཆོད་ཞལ་ཕར་ཨོ་ཡི་ཕྱག་ཏུ་འབུལ་བའི་ཕྱིར་དུ་གཉེར་པའི་ལས་ཚན་དུ་བཅུག་གི། ༢༢ གསོལ་དཔོན་ཆེན་པོ་ཤིང་ལ་བཏགས་ཏེ་བསད་དོ། ༢༣ ཡང་གཉེར་པ་ཆེན་པོས་ཡོ་སེབ་ཀྱི་དྲིན་མ་དྲན་ཏེ་བརྗེད་དོ༎