༣༩
དེའང་ཡོ་སེབ་ནི་མི་སེར་ཡུལ་དུ་ཁྱེར་ནས། དེ་རུ་ཁྱེར་པའི་ཨིས་མ་ཨེལ་པའི་ལག་པ་ནས་ཕར་ཨོའི་ཁབ་ཀྱི་མི་སྐུ་སྲུང་བའི་འགོ་པ་མི་སེར་པ་ཡིན་པ་པོ་ཏི་ཕར་བྱ་བ་ཞིག་གིས་ཉོས་སོ། ༢ ཡང་ཡ་ཧོ་ཝཱས་ཡོ་སེབ་དང་འགྲོགས་པས། དེ་ནི་བསོད་བདེ་ཅན་གྱི་མི་ཞིག་ཡིན་ཏེ། རང་གི་དཔོན་པོ་མི་སེར་པ་དེའི་ཁྱིམ་ན་ཡོད་པ་ཡིན། ༣ ཡ་ཧོ་ཝཱས་དེ་དང་འགྲོགས་པ་དང་། དེའི་ལག་གིས་ཅི་དང་ཅི་བྱེད་པའི་ལས་ལ་ཡ་ཧོ་ཝཱས་ཐུགས་རྗེས་གཟིགས་པ་དེའི་དཔོན་པོས་མཐོང་ངོ་། ༤ དེའི་མིག་གིས་ཡོ་སེབ་ལ་རན་ནས། ཡོ་སེབ་ཀྱིས་དེ་ལ་ཞབས་ཕྱི་བྱས་པ་དང་། དེའི་ཁང་པ་དང་ཁོ་ལ་ཅི་ཡོད་པ་ཐམས་ཅད་དེའི་ལག་ཏུ་བཞག་སྟེ་ཕྱག་མཛོད་ཀྱི་ལས་བཅོལ་ལོ། ༥ ཡང་ནང་དང་ཁོ་ལ་ཡོད་པ་ཐམས་ཅད་དེའི་དབང་ལ་བཞག་སྟེ། གཉེར་པའི་ལས་བཅོལ་བའི་དུས་ནས་བཟུང་སྟེ། ཡ་ཧོ་ཝཱས་ཡོ་སེབ་ཀྱི་ཕྱིར་མི་སེར་པ་དེའི་ཁྱིམ་ལ་བྱིན་རླབས་མཛད་པ་དང་། ཁོ་ལ་ཡོད་པའི་ནང་དང་ཞིང་གཉིས་ལ་ཡ་ཧོ་ཝཱའི་བྱིན་རླབས་བབས་སོ། ༦ ཡང་མི་དེས་རང་གི་ཡིན་པ་ཐམས་ཅད་ཡོ་སེབ་ཀྱི་དབང་ལ་བཏང་ནས། ཁ་ཟས་ཟ་བར་མ་གཏོགས་པར་ཡོ་སེབ་ལ་བློ་བཀལ་ཞིང་དོན་གང་ལ་ཡང་མ་བལྟས་སོ༎ཡང་ཡོ་སེབ་ཀྱི་བྱད་གཟུགས་མཛེས་ཤིང་གདོང་ཡང་ལྟ་ན་སྡུག་པའོ། ༧ བྱ་བ་དེའི་རྗེས་སུ་ཁྱིམ་བདག་གི་ཆུང་མས་དེ་མིག་གིས་མཐོང་བའི་སྒོ་ནས་སེམས་ཤོར་ཏེ་དེ་ལ། ང་མཉམ་ཉོལ་ཞིག་ཅེས་སྨྲས་སོ། ༨ དེས་མ་འདོད་དེ་ཁྱིམ་བདག་གི་ཆུང་མ་ལ། ལྟོས་ཤིག ང་འདི་རུ་འདུག་པས་ཁྱིམ་བདག་གིས་རང་གི་ནོར་ལ་མི་ལྟ་ཞིང་ཁང་པ་ལ་ཡོད་པའི་རྫས་དང་། ཁོའི་ཡིན་པ་ཐམས་ཅད་ངའི་དབང་ལ་བཅོལ་བས། ༩ ང་བས་ཆེན་པོ་ཞིག་ཁང་པ་འདི་ན་མེད། ཁྱོད་ཁོའི་ཆུང་མ་ཡིན་པ་མ་གཏོགས་པར། གཞན་ངའི་ལག་ལ་མ་བཏད་པ་ཅིའང་མེད། དཀོན་མཆོག་གི་བཀའ་དང་འགལ་བ་དེ་ནི་སྡིག་པའི་ལས་ཆེན་པོ་ཞིག་ཡིན་པས། འདི་ནི་མི་ཐུབ་བོ་ཞེས་སྨྲས་སོ། ༡༠ ཡང་མོས་ཉིན་རེ་བཞིན་དུ་ཡོ་སེབ་ལ་ནན་གྱིས་བསྐུལ་ཡང་། དེ་དང་འགྲོགས་ཤིང་ཉལ་བར་མ་ཉན་ཏོ། ༡༡ ཉིན་ཅིག་ཡོ་སེབ་ལས་བྱེད་པའི་ཕྱིར་ནང་དུ་སོང་ནས། ནང་མི་སུ་ཡང་ཁང་པ་ལ་མེད་དོ། ༡༢ བུད་མེད་ཀྱིས་དེའི་གོས་འཐམས་ཏེ་ང་མཉམ་ཉོལ་ཞིག་ཅེས་སྨྲས་པས། ཁོས་རང་གི་གོས་མོའི་ལག་པ་རུ་བོར་ཏེ། བྲོས་ནས་འཐོན་སོང་ངོ་། ༡༣ དེ་ནས་མོས་ནི་དེའི་གོས་རང་གི་ལག་པ་རུ་ལུས་ཏེ་ཁང་པ་ནས་ཤོར་བར་མཐོང་བས། ༡༤ རང་གི་ཁང་པའི་མི་རྣམས་ལ་བོས་ནས་དེ་དག་ལ། ལྟོས་ཤིག ཨིབ་རི་པ་འདིས་ང་ཚོ་ལ་ཚིག་པ་སྲེག་པའི་ཕྱིར་ཁོས་ངེད་ཀྱི་དྲུང་དུ་ཁྲིད། ཁོ་ང་དང་ཉལ་བའི་ཕྱིར་ནང་དུ་ཞུགས་ཀྱང་། ངས་སྐད་ཆེན་པོ་བཏང་། ༡༥ ཁོས་ནི་ངས་སྐད་ཆེན་པོས་འབོད་པར་ཐོས་ནས་ངའི་རྩར་གོས་ལུས་ཤིང་ཤོར་ཏེ་ཁང་པ་ནས་ཐོན་ནོ། ༡༦ དེའི་བདག་པོ་ཁང་པ་ལ་ཕྱིར་མ་ལོག་པའི་བར་དུ་གོས་རང་གི་རྩར་བཞག་གོ། ༡༧ དེ་ནས་མོས་ཁོ་ལ་རང་གི་གཏམ་འདི་ལྟར་ཟེར་པ། ཨིབ་རི་པའི་གཡོག་པོ་ཁྱོད་ཀྱིས་ངེད་ཀྱི་དྲུང་དུ་ཁྲིད་པ་དེས་ང་ལ་ཚིག་པ་སྲེག་པའི་ཕྱིར་འོངས་ཀྱི། ༡༨ ངས་སྐད་ཆེན་པོ་བཏང་བས། ཁོའི་གོས་ངའི་རྩར་ལུས་ཏེ་ཁང་པ་ནས་ཤོར་རོ། ༡༩ ཆུང་མས། ངས་སྨྲས་པ་བཞིན་དུ་ཁྱོད་ཀྱི་གཡོག་པོས་ང་ལ་བྱས་སོ་ཞེས་ཟེར་བའི་གཏམ་ཁྱིམ་བདག་གིས་ཐོས་པས་ཤིན་ཏུ་ཁྲོས་སོ། ༢༠ ཡོ་སེབ་ཀྱི་དཔོན་པོས་ཁོ་ཁྲིད་དེ་བཙོན་ཁང་གི་ལྕོག་ཏུ་བཏགས་སོ། གནས་དེ་རུ་རྒྱལ་པོའི་བཙོན་པ་རྣམས་བཅུག་པས། ཁོང་ཡང་བཙོན་ཁང་དེ་རུ་བཅུག་ནས་གནས་སོ། ༢༡ ཡ་ཧོ་ཝཱས་ཡོ་སེབ་དང་འགྲོགས་ཏེ་ཁོ་ལ་བཀའ་དྲིན་མཛད་པས། ཁོ་ལ་བཙོན་ཁང་གི་འགོ་པའི་དྲུང་དུ་བཀའ་དྲིན་བྱུང་ངོ་། ༢༢ ཡང་བཙོན་ཁང་གི་འགོ་པས་བཙོན་ཁང་དུ་ཡོད་པའི་བཙོན་པ་ཐམས་ཅད་ཡོ་སེབ་ཀྱི་དབང་དུ་བཏང་བ་དང་། དེ་རུ་ལས་ཅི་བྱེད་དགོས་པ་ཡོ་སེབ་ཀྱིས་བྱས་སོ། ༢༣ དེའི་དབང་དུ་གང་ཡོད་པ་ཐམས་ཅད་ལ་བཙོན་ཁང་གི་འགོ་པས་མ་བལྟས་སོ། གང་ལ་ཟེར་ན། ཡ་ཧོ་ཝཱ་དེ་དང་འགྲོགས་ཏེ་ཁོས་ལས་གང་བྱས་པ་དེ་ལ་ཡང་ཡ་ཧོ་ཝཱས་ཐུགས་རྗེ་གཟིགས་པའི་ཕྱིར་རོ༎