༣༨
དུས་དེར་བྱུང་བ་ནི། ཡ་ཧུ་དཱ་སྤུན་རྣམས་ཀྱི་དྲུང་ནས་སོང་སྟེ། ཨ་དུལ་ལམ་པའི་མི་ཧི་རཱ་བྱ་བ་ཞིག་གི་རྩར་སོང་ངོ་། ༢ ཡ་ཧུ་དཱས་དེ་རུ་ཀ་ན་ཨན་པ་ཤུ་ཨ་བྱ་བའི་བུ་མོ་ཞིག་མཐོང་ནས་བླངས་སོ། ཁོ་དེ་དང་འགྲོགས་ནས། ༣ མོ་མངལ་དང་ལྡན་པར་གྱུར་ནས། ཁོས་དེ་ལ་སྐྱེས་པའི་བུའི་མིང་ཨེར་བཏགས་སོ། ༤ དེ་ནས་ཡང་མངལ་དང་ལྡན་པར་གྱུར་ནས་སྐྱེས་པའི་བུའི་མིང་ཨོ་ནན་བཏགས་སོ། ༥ དེ་ལ་ཡང་བུ་ཞིག་སྐྱེས། ཁོས་དེའི་མིང་ཤེ་ལཱ་བཏགས་སོ། བུ་དེ་མོ་ལ་སྐྱེས་པའི་ཚེ། ཁོ་ཀེ་ཟིབ་ཡུལ་དུ་ཡོད་པ་ཡིན། ༦ དེ་ནས་ཡ་ཧུ་དཱ་ཡིས་རང་གི་བུ་སྔོན་སྐྱེས་ཨེར་ལ་ཐ་མར་ཞེས་བྱ་བ་ཆུང་མར་བླངས་སོ། ༧ ཡ་ཧུ་དཱ་ལ་བྱོར་པའི་བུ་སྔོན་སྐྱེས་ཨེར་ནི་ཡ་ཧོ་ཝཱའི་ཞལ་ངོའི་མདུན་དུ་སྤྱོད་ངན་བྱས་ནས་ཡ་ཧོ་ཝཱས་དེ་བསད་དོ། ༨ ཡ་ཧུ་དཱས་ཨོ་ནན་ལ། ཁྱོད་རང་གི་སྤུན་གྱི་ཆུང་མ་དང་འགྲོགས་ལ་ཁྱོད་ཀྱི་སྤུན་ལ་བུ་བརྒྱུད་འབྱུང་བའི་ཕྱིར་སྤུན་གྱི་ཚབ་ཏུ་དེ་ཆུང་མར་བློངས་ཤིག་ཅེས་སྨྲས་སོ། ༩ ཨོ་ནན་ལས་བྱོར་པ་ནི་རང་གི་བུ་བརྒྱུད་ལ་མི་འགྱུར་བ་ཤེས་པས། ཨ་ཇོའི་ཆུང་མ་དང་འགྲོགས་སྐབས་ལ་སྤུན་ལ་བུ་བརྒྱུད་མི་འབྱུང་བའི་ཕྱིར་ཁོས་དེ་ནི་ས་རུ་དོར་རོ། ༡༠ བྱ་བ་དེ་ཡ་ཧོ་ཝཱའི་ཞལ་ངོའི་མདུན་དུ་ངན་པ་ཡིན་པས། ཁོང་གིས་དེ་ཡང་བསད་དོ། ༡༡ དེའི་རྗེས་ལ་ཡ་ཧུ་དཱས་བུའི་ཆུང་མ་ཐ་མར་ལ། ངའི་བུ་ཤེ་ལཱ་ཆེར་མ་སྐྱེས་པའི་བར་དུ་ཡུག་ས་སྲུང་ཞིང་ཕའི་ཁང་པ་ལ་སྡོད་ཅིག་ཅེས་བསྐུལ་ཏོ། ཅི་ལ་ཞེ་ན། སྤུན་རྣམས་ཤི་བ་ལྟར་ཁོ་མི་ཤི་བའི་ཕྱིར་རོ། ཐ་མར་སོང་ནས་ཕའི་ཁང་པ་རུ་བསྡད་དོ༎༡༢ ཡུན་རིང་པོའི་འོག་ཏུ་ཡ་ཧུ་དཱའི་ཆུང་མ་ཤུ་ཨའི་བུ་མོ་ཤི་བ་དང་། ཡ་ཧུ་དཱ་མྱང་ངན་སངས་ནས་ཁོ་ནི་མཛའ་བོ་ཨ་དུལ་ལམ་པ་ཧི་རཱ་དང་བཅས་སུ་ལུག་གི་བལ་འབྲེག་མཁན་ལ་ལྟ་བའི་ཕྱིར་ཐིམ་ནཱ་རུ་སོང་ངོ་། ༡༣ ཡང་ཐ་མར་གྱིས་ད་ཁྱོད་ཀྱི་ཁྱོའི་ཕ་བལ་འབྲེག་པའི་ཕྱིར་ཐིམ་ནཱ་ལ་འགྲོའོ་ཞེས་པའི་གཏམ་ཐོས་སོ། ༡༤ ཁོས་རང་གི་ཡུག་ས་མོའི་གོས་ཕུད་ནས་གདོང་ཁེབས་གོན་ཏེ་རང་བཀབ་པ་དང་། ཐིམ་ནཱ་ཡི་ལམ་ལ་ཨེ་ནཱ་ཡིམ་ཡུལ་གྱི་རྒྱལ་སྒོའི་མདུན་དུ་བསྡད་དོ། ཅི་ལ་ཟེར་ན། ཤེ་ལཱ་ཆེར་སྐྱེས་ཀྱང་དེའི་ཆུང་མར་མ་གྱུར་པ་དེ་མཐོང་བའི་ཕྱིར་རོ། ༡༥ ཡ་ཧུ་དཱ་མོ་ལ་བལྟས་ཏེ་མོའི་གདོང་བཀབ་པས་སྨད་འཚོང་མ་ཡིན་བསམས་སོ། ༡༦ དེ་ལམ་ལ་སྡོད་པའི་དྲུང་དུ་སོང་བ་དང་། བུའི་ཆུང་མ་ཡིན་པར་མ་ཤེས་པར་མོ་ལ། ད་ང་ཁྱོད་དང་འགྲོགས་སུ་ཆུག་ཅིག་སྨྲས་སོ། དེ་ན་རེ། ཁྱོད་ང་དང་འགྲོགས་པའི་ཕྱིར་ཇི་ཙམ་གཏང་། ༡༧ ཁོས་ང་ཁྱུའི་ནང་ནས་ར་ཕོ་ཞིག་གཏང་། མོས་ཁྱོད་དེ་མ་བཏང་བའི་བར་དུ་གཏའ་མ་ཞིག་ང་ལ་འཇོག་གམ། ༡༨ ཁོས་ནི། ཁྱོད་ལ་གཏའ་མ་ཅི་འཇོག་དགོས་སྨྲས། མོས་དེ་ལ། ཁྱོད་ཀྱི་ཐེ་ཙེ་དང་ལུང་དང་ཁྱོད་ཀྱི་ལག་པ་ལ་ཡོད་པའི་དབྱུག་པ་ང་ལ་ཞོག་ཟེར་བས། ཁོས་བཞག་ནས་དེ་དང་འགྲོགས་པ་དང་། མོ་ཁོ་ལས་མངལ་དང་ལྡན་པར་གྱུར་ཏོ། ༡༩ དེ་ནས་མོ་ལངས་ཏེ་གདོང་ཁེབས་ཕུད་ནས་ཡུག་ས་མོའི་གོས་གོན་ཏོ༎
༢༠ ཡ་ཧུ་དཱས་ར་ཕོ་སྐུར་ནས་བུད་མེད་ཀྱི་ལག་པ་ནས་གཏའ་མ་བླུ་བའི་ཕྱིར་མཛའ་བོ་ཨ་དུལ་ལམ་བཏང་ཡང་། མོ་མ་བརྙེད་དོ། ༢༡ དེས་ཡུལ་གྱི་མི་རྣམས་ལ། ཨེ་ནཱ་ཡིམ་ལམ་ལ་སྡོད་པའི་སྨད་འཚོང་མ་ག་ན་ཡོད་དྲིས་ནས། དེ་དག་གིས་འདི་རུ་སྨད་འཚོང་མ་མེད་ཟེར་ཏོ། ༢༢ དེ་ནས་ཁོ་ཡ་ཧུ་དཱའི་རྩར་ཕྱིར་ལོག་སྟེ་དེ་ལ། མོ་ནི་མ་བརྙེད། ཡུལ་གྱི་མིས་ཀྱང་འདི་རུ་སྨད་འཚོང་མ་མེད་ཟེར་རོ་ཞེས་སྨྲས་སོ། ༢༣ དེ་ནས་ཡ་ཧུ་དཱས་ང་ལ་མིས་མི་ཁྲེལ་བའི་ཕྱིར་མོས་གཏའ་མ་ཁྱེར་ཆུག ད་ངས་ར་ཕོ་འདི་བསྐུར་ཡང་། ཁྱོད་ལ་མོ་མ་བརྙེད་དོ་ཞེས་སྨྲས་སོ༎
༢༤ དེ་ནས་ཟླ་བ་གསུམ་གྱི་རྗེས་སུ་ཡ་ཧུ་དཱ་ལ། ཁྱོད་ཀྱི་བུའི་ཆུང་མ་ཐ་མར་གྱིས་ལོག་གཡེམ་བྱས་ཏེ། ལོག་གཡེམ་གྱིས་མངལ་དང་ལྡན་པར་གྱུར་པའི་གཏམ་བཤད་དོ། ཡ་ཧུ་དཱས་དེ་མེ་ལ་སྲེག་པའི་ཕྱིར་བཟུང་སྟེ་ཁྲིད་ཤོག་སྨྲས་སོ། ༢༥ མོ་བཟུང་སྟེ་ཁྲིད་པ་དང་ཁོས་མི་ཞིག་བཏང་སྟེ་ཁྱོའི་ཕ་ལ། འདི་སུའི་ཡིན་པའི་མི་ནས་ང་མངལ་དང་ལྡན་པར་གྱུར་ཏོ་ཞེས་ལོན་བཏང་ནས། འདི་ཡང་ཟེར་པ། ཐེའུ་དང་ལུག་དང་། དབྱུག་པ་འདི་སུའི་ཡིན་རྟོགས་ཤིག ༢༦ ཡ་ཧུ་དཱ་ཡིས་དེ་ངོ་ཕྲོད་ནས་སྨྲས་པ། ང་བས་མོ་དྲང་པོ་ཡིན། ངས་ཁོ་ལ་བུ་ཤེ་ལཱ་མ་གཏང་བའི་ཕྱིར་བྱ་བ་དེ་བྱུང་ངོ་ཞེས་སྨྲས་སོ། དེའི་རྗེས་སུ་ཡང་ཁོ་དང་མ་འགྲོགས་སོ༎
༢༧ ཡང་སྐྱེ་བའི་དུས་ལ་བབས་ནས། ལྟོས་ཤིག་དེའི་མངལ་ན་མཚེ་མ་ཡོད་པ་ཡིན། ༢༨ ཡང་སྐྱེ་ཟུག་ནང་གཅིག་གི་ལག་པ་འཐོན་པས། པང་གཡོག་མས་དེ་བཟུང་ནས་ལག་པ་ལ་སྐུད་པ་དམར་པོ་ཞིག་བཏགས་ཏེ། འདི་ནི་དང་པོར་ཐོན་ཏོ་སྨྲས། ༢༩ དེ་ནས་དེས་ལག་པ་བསྐུམས་ནས་དེའི་སྤུན་ཐོན་པས། པང་གཡོག་མས་ཁྱོད་ཅི་ལ་འཚང་ནས་ཐོན་པ་ཡིན་སྨྲས་པས། དེའི་མིང་ཕེ་རེས་ཞེས་བཏགས་སོ། ༣༠ དེའི་རྗེས་ལ་ལག་པ་ལ་སྐུད་པ་དམར་པོ་ཡོད་པའི་སྤུན་ཐོན་ནས་དེའི་མིང་སེ་རག་བཏགས་སོ༎