༣༧
ཡང་ཡ་ཀོབ་ཀྱི་ཕ་རྒྱལ་ཁམས་པ་ལྟར་གནས་པའི་ཀ་ན་ཨན་དུ་ཡ་ཀོབ་ཀྱང་གནས་སོ།  ཡ་ཀོབ་ཀྱི་རིགས་བརྒྱུད་རྣམས་ནི་འདི་ལྟར་རོ། ཡོ་སེབ་ལོ་བཅུ་བདུན་ལོན་པའི་ཚེ་ན། སྤུན་རྣམས་དང་མཉམ་དུ་ཁྱུའི་རྫི་བོ་བྱས་ཏེ། ཁྱེའུ་ནི་ཕའི་ཆུང་མ་བིལ་ཧཱའི་བུ་རྣམས་དང་ཟིལ་པཱའི་བུ་རྣམས་དང་མཉམ་པོ་འདུག་སྟེ། དེ་དག་གི་གཏམ་ངན་རྣམས་ཕ་ལ་བཤད་དོ།  ཡང་ཨིས་ར་ཨེལ་གྱི་སེམས་ལ་ཡོ་སེབ་ནི་ང་རྒད་པོའི་དུས་ཀྱི་བུ་ཡིན་བསམས་པས། རང་གི་བུ་ཐམས་ཅད་ལས་ཡོ་སེབ་ལ་ལྷག་པར་བྱམས་པ་བྱས་ཏེ། དེ་ལ་གོས་ཁྲ་གཟིག་ཅིག་བཟོས་སོ།  ཕས་སྤུན་ཐམས་ཅད་ལས་དེ་ལ་བྱམས་པ་བྱེད་པ་སྤུན་རྣམས་ཀྱིས་མཐོང་ནས། དེ་ལ་སྡང་སྟེ་ཞི་བའི་གཏམ་བྱེད་མ་ཐུབ་བོ༎
 ཡང་ཡོ་སེབ་ཀྱིས་རྨི་ལམ་ཞིག་མཐོང་ནས་སྤུན་རྣམས་ལ་བཤད་པས། དེ་དག་ནི་ཁོ་ལ་ལྷག་པར་སྡང་ངོ་།  ཁོས་དེ་དག་ལ། ངས་མཐོང་བའི་རྨི་ལམ་དེ་ཉོན་ཅིག  ལྟོས་ཤིག་ངེད་ཅག་ཞིང་ལ་ཡོད་པ་ལས། ཕོན་པོ་བཅིངས་ཙ་ན་ངའི་ཕོན་པོ་ལངས་ནས་བསྡད། ལྟོས་ཤིག་ཁྱོག་ཅག་གི་ཕོན་པོ་རྣམས་ངའི་ཕོན་པོ་ལ་བསྐོར་ནས་དེ་ལ་བཏུད་དོ།  སྤུན་རྣམས་ན་རེ། ཁྱོད་ངོ་ཐོག་ངེད་ཀྱི་རྒྱལ་པོར་གྱུར་ཏེ་ངེད་རྣམས་ལ་དབང་བྱའམ། ཡང་དེའི་རྨི་ལམ་རྣམས་དང་ཟེར་བའི་གཏམ་གྱི་ཕྱིར་དེ་ལ་ལྷག་པར་འཁོན་དུ་བཟུང་ངོ་།  དེ་ནས་ཁོ་རྨི་ལམ་གཞན་ཞིག་ཀྱང་མཐོང་ནས་དེ་སྤུན་རྣམས་ལ་བཤད་ཅིང་སྨྲས་པ། ངས་ད་རུང་ཡང་རྨི་ལམ་རྨིས། ལྟོས་ཤིག་ཉི་མ་དང་། ཟླ་བ་དང་། སྐར་མ་བཅུ་གཅིག་ང་ལ་ཕྱག་བཙལ་བ་མཐོང་བྱུང་། ༡༠ ཞེས་ཕ་དང་སྤུན་རྣམས་ལ་བཤད་པས། ཕས་བཀའ་བཀྱོན་ཏེ་དེ་ལ། ཁྱོད་རྨིས་པའི་རྨི་ལམ་དེ་ཅི་ཡིན། ཁྱོད་ཀྱི་དྲུང་དུ་ང་དང་ཁྱོད་ཀྱི་མ་དང་། སྤུན་རྣམས་ཀྱིས་ངོ་ཐོག་ཁ་འབུབ་ལོག་ནས་ཕྱག་འཚལ་ཡོང་ངམ་སྨྲས་སོ། ༡༡ སྤུན་རྣམས་དེ་ལ་ཕྲག་དོག་བྱས་ཀྱི། ཕས་གཏམ་དེ་ཡིད་ལ་བཅངས་སོ༎
༡༢ ཡང་སྤུན་རྣམས་ཕའི་ཁྱུ་རྣམས་འཚོ་བའི་ཕྱིར་སི་ཀེམ་དུ་ཕྱིན་པའི་ཚེ། ༡༣ ཨིས་ར་ཨེལ་གྱིས་ཡོ་སེབ་ལ། ཁྱོད་ཀྱི་སྤུན་རྣམས་སི་ཀེམ་དུ་ཁྱུ་མི་འཚོ་འམ། ད་ཤོག་ལ་ངས་ཁྱོད་དེ་དག་གི་རྩར་གཏོང་རྒྱུ་ཡིན། ཁོས་ཞུས་པ། ང་འདི་རུ་ཡོད། ༡༤ དེས་ད་སོང་ལ་སྤུན་དང་ཁྱུ་རྣམས་བདེའམ་ལྟོས་ལ་ང་ལ་ལོན་ཁྱེར་ཤོག་ཟེར་ནས། ཧེབ་རོན་ལུང་པ་ནས་དེ་བཏང་བ་དང་། ཁོ་སི་ཀེམ་དུ་བསླེབས་སོ། ༡༥ ཁོ་ཐང་ལ་ལམ་ནོར་བའི་ཚེ་མི་ཞིག་དང་ཕྲད་དེ། མི་དེས་དེ་ལ་ཅི་འཚོལ་དྲིས་སོ། ༡༦ ཁོས་ངའི་སྤུན་རྣམས་འཚོལ། དེ་དག་གི་ཁྱུ་འཚོ་བའི་གནས་ང་ལ་ཤོད་ཅིག ༡༧ མི་དེས་སྨྲས་པ། དེ་དག་འདི་ནས་སོང་ཚར། ངེད་དོ་ཐན་དུ་འགྲོ་བར་བྱ་དེ་དག་ཟེར་བ་ངས་ཐོས་སོ། ཡོ་སེབ་རང་གི་སྤུན་རྣམས་ཀྱི་རྗེས་སུ་སོང་ནས་དོ་ཐན་ལ་ཐོབ་བོ། ༡༨ དེ་དག་གིས་ཁོ་ཐག་རིང་ནས་ཡོང་བར་མཐོང་ནས། ཉེ་བར་མ་སླེབས་པའི་སྔོན་ལ་ཁོ་གསོད་པའི་གྲོས་བྱས་སོ། ༡༩ གཅིག་གིས་གཅིག་ལ་ལྟོས་ཤིག་རྨི་ལམ་མཁན་དེ་ཡོང་གི་འདུག ༢༠ ད་ཤོག་ལ་ཁོ་བསད་ནས་ས་དོང་ཞིག་གི་ནང་དུ་དབྱུགས་པར་བྱ། གཅན་གཟན་ངན་པ་ཞིག་གིས་ཁོ་ཟོས་པ་ཡིན་ཟེར་བར་བྱ། དེ་ནས་དེའི་རྨི་ལམ་རྣམས་ཀྱི་དོན་ཅི་འཐོན་ངེད་ཀྱིས་བལྟ་བར་བྱ་ཟེར་ཏོ། ༢༡ རུ་བེན་གྱིས་གཏམ་དེ་ཐོས་པས། སྤུན་དེ་དག་གི་ལག་ནས་ཐར་བའི་ཕྱིར་དེ་རྣམས་ལ་སྨྲས་པ། ངེད་ཀྱིས་དེའི་སྲོག་མི་ལེན་ནོ། ༢༢ སླར་ཡང་རུ་བེན་གྱིས་དེ་དག་ལ། ཁྲག་མ་ཕོས་ཤིག འབྲོག་སྟོང་ལ་ཡོད་པའི་ས་དོང་འདིའི་ནང་དུ་དབྱུག་ཅིག འོན་ཀྱང་ཁྱེད་ཅག་གིས་ལག་པ་དེ་ལ་མ་རེག ཅེས་སྨྲས་པའི་དོན་ནི། ཁོས་སྤུན་དེ་དག་གི་ལག་པ་ནས་ཐར་བཅུག་ནས། ཕའི་རྩར་སྐྱེལ་བར་བྱ་བསམས་སོ། ༢༣ དེ་ནས་ཡོ་སེབ་རང་གི་སྤུན་རྣམས་ཀྱི་དྲུང་དུ་བསླེབས་ནས། དེ་དག་གིས་ཡོ་སེབ་ཀྱིས་གོན་པའི་གོས་ཁྲ་གཟིག་དེ་ཕུད་ནས། ༢༤ ཁོ་བཟུང་ནས་ས་དོང་ལ་བཅུག་གོ། ས་དོང་དེ་ཆུ་མེད་སྟོང་པ་ཡོད་པ་ཡིན། ༢༥ དེ་ནས་ཟན་ཟ་བར་བསྡད་པའི་ཚེ་མིག་བཏེགས་ཏེ་བལྟས་ནས། ལྟོས་ཤིག་ཨིས་མ་ཨེལ་པའི་ཚོ་ཞིག་གིལ་ཨད་ནས་ཡོང་མཁན་སྤོས་དང་། བལ་སམ་དང་། གུ་གུལ་འཁུར་བའི་རྔ་མོང་རྣམས་དང་བཅས་པ་མི་སེར་ཡུལ་དུ་འཁྱེར་འགྲོ་བར་མཐོང་ངོ་། ༢༦ ཡ་ཧུ་དཱ་ཡིས་སྤུན་རྣམས་ལ། ངེད་ཀྱིས་ནུ་བོ་བསད་ནས་དེའི་ཁྲག་སྦས་ན་ངེད་ལ་ཅི་ཕན། ༢༧ དེ་བས་ཁོ་ཨིས་མ་ཨེལ་པ་རྣམས་ལ་འཚོང་ན་དགའ། དེ་ནི་ངེད་ཀྱི་སྤུན་དང་ཤ་ཁྲག་ཡིན་པས། ངེད་ཁོ་ལ་ལག་པ་རེག་པའི་མི་རིགས་སོ་ཟེར་བ་དང་། སྤུན་རྣམས་དེ་ལ་ཉན་ཏོ། ༢༨ ཡང་མིད་ཨན་པ་ཚོང་པ་ཡིན་པའི་མི་དེ་རྣམས་ལམ་ལ་འགྲོ་པ་ལས། ཡོ་སེབ་ས་དོང་ནས་གྱེན་དུ་ཐེན་ཏེ་བཏོན་ནས། ཡོ་སེབ་་ཨིས་མ་ཨེལ་པ་རྣམས་ལ་རིན་དངུལ་ཉི་ཤུ་ལ་བཙོངས་སོ། དེ་དག་གིས་ཡོ་སེབ་་མི་སེར་ཡུལ་དུ་ཁྱེར་ཏོ། ༢༩ དེའི་རྗེས་སུ་རུ་བེན་ས་དོང་དུ་ཕྱིར་ཡོངས་ཏེ། ད་ཡོ་སེབ་ས་དོང་ན་མེད་པས། རང་གི་གོས་བཤགས་ཏེ། ༣༠ སྤུན་རྣམས་ཀྱི་རྩར་ཕྱིར་ལོག་ནས་ཟེར་པ། ཁྱེའུ་མེད་པས་ང་ག་རུ་འགྲོ། ༣༡ དེ་དག་གིས་ཡོ་སེབ་ཀྱི་གོས་བླངས་ཏེ། ར་ཕོ་ཞིག་བསད་ནས་ཁྲག་གི་ནང་དུ་གོས་བཅུག་པ་དང་། ༣༢ གོས་ཁྲ་གཟིག་དེ་ཕ་ལ་བསྐུར་ཏོ། དེ་དག་གིས་ང་ཅག་ལ་འདི་ཐོབ། ཁྱོད་ཀྱི་བུའི་གོས་ཡིན་མིན་ངོ་རྟགས་བྱོས་ཤིག་ཅེས་སྨྲས་སོ། ༣༣ དེས་དེ་མཐོང་ནས་འདི་ནི་ངའི་བུའི་གོས་ཡིན་ཏེ། གཅན་གཟན་ཞིག་གིས་བསད་ནས། ཐེ་ཚོམ་མེད་པར་ཡོ་སེབ་ཟོས་པ་ཡིན་ཟེར་ནས། ༣༤ ཡ་ཀོབ་ཀྱིས་གོས་བཤགས་ཏེ། རྐེད་པ་ལ་སྡུག་གོས་གོན་ཏེ་བུའི་ཕྱིར་ཞག་མང་པོ་མྱ་ངན་བྱས་སོ། ༣༥ ཡང་བུ་ཐམས་ཅད་དང་བུ་མོ་ཐམས་ཅད་དེའི་སེམས་གསོ་བའི་ཕྱིར་ལངས་ཀྱང་། སེམས་གསོ་བར་མ་བཏུབ། མྱ་ངན་བྱེད་ཅིང་ངའི་བུའི་དྲུང་དུ་གཤིན་ཡུལ་དུ་འབབ་པར་འགྱུར་རོ་ཞེས་སྨྲས་སོ། ཕ་དེའི་ཕྱིར་ངུས་སོ༎
༣༦ མིད་ཨན་པ་རྣམས་ཀྱིས་ཁོ་མི་སེར་ཡུལ་དུ་རྒྱལ་པོ་ཕར་ཨོའི་ཁབ་ཀྱི་མི་པོ་ཏི་ཕར་བྱ་བ་སྐུ་སྲུང་བའི་འགོ་པ་ཞིག་ལ་བཙོངས་སོ༎