༣༥
དེ་ནས་དཀོན་མཆོག་གིས་ཡ་ཀོབ་ལ། འདི་ནས་གྱེན་ལ་བེད་ཨེལ་དུ་འགྲོ་སྟེ། དེ་རུ་གཞིས་ཕོབ་ལ་ཁྱོད་ཀྱི་སྤུན་ཨེ་སབ་ཀྱི་དྲུང་ནས་ཤོར་བའི་ཚེ། ཁྱོད་ཀྱིས་མཐོང་བར་གྱུར་པའི་དཀོན་མཆོག་ལ་མཆོད་ཁྲི་ཞིག་གནས་དེ་རུ་བྱོས་ཤིག་ཅེས་བཀའ་གནང་ངོ་། ༢ དེའི་ཚེ་ཡ་ཀོབ་ཀྱིས་རང་གི་ཁང་པའི་མི་དང་། དེ་དང་མཉམ་དུ་ཡོད་པའི་མི་ཐམས་ཅད་ལ། ཁྱེད་ཀྱི་ནང་ན་ཡོད་པའི་ཕྱི་པའི་ལྷ་རྣམས་ཀྱི་སྐུ་འདྲ་རྣམས་སྐྱུར་ཞིག་དང་། རང་གཙང་བར་བྱས་ནས་གོས་རྗེ་བར་བྱོས་ཤིག ༣ ངེད་རྣམས་འདི་ནས་གྱེན་ལ་བེད་ཨེལ་དུ་སོང་ནས། ང་སྡུག་བསྔལ་བའི་ཚེ་ན་དཀོན་མཆོག་གིས་ངའི་ཞུ་བ་ལ་གསན་ཞིང་། ང་འགྲོ་བའི་ལམ་ལ་ང་དང་འགྲོགས་པས། དཀོན་མཆོག་ལ་མཆོད་ཁྲི་ཞིག་བཟོ་བར་བྱའོ་ཞེས་སྨྲས་སོ། ༤ དེ་དག་གི་ལག་ན་ཡོད་པའི་ལྷའི་སྐུ་འདྲ་ཐམས་ཅད་དང་། རྣ་བ་ལ་བཏགས་པའི་རྒྱན་རྣམས་ཡ་ཀོབ་ལ་བཏང་ནས། ཡ་ཀོབ་ཀྱིས་དེ་ཐམས་ཅད་སི་ཀེམ་ཡུལ་དུ་ཡོད་པའི་བེ་ཤིང་གི་འོག་ལ་བསྐུངས་སོ༎༥ དེ་ནས་ཆས་པ་དང་། ཡུལ་འཁོར་དེའི་གྲོང་ཁྱེར་རྣམས་ལ་འཇིགས་པ་ཆེན་པོ་ཞིག་འབབ་ཡོད་པས། དེ་དག་གིས་ཡ་ཀོབ་ཀྱི་བུ་རྣམས་ལ་མ་དེད་དོ། ༦ ཡང་ཡ་ཀོབ་མི་ཚོགས་ཐམས་ཅད་དང་བཅས་སུ་ཀ་ན་ཨན་ཡུལ་ན་ཡོད་པའི་ལུས་བྱ་བའི་ཡུལ་ཚོ་རུ་བསླེབས་སོ། ལུས་ལ་བེད་ཨེལ་ཡང་ཟེར་རོ། ༧ དེ་རུ་མཆོད་ཁྲི་ཞིག་བཟོས་ནས་གནས་ཀྱི་མིང་བེད་ཨེལ་གྱི་དཀོན་མཆོག་ཅེས་བཏགས་སོ། གང་ལ་ཞེ་ན། རང་གི་སྤུན་གྱི་དྲུང་ནས་ཤོར་བའི་ཚེ་གནས་དེ་རུ་ཁོས་དཀོན་མཆོག་མཐོང་བར་གྱུར་པའི་ཕྱིར་རོ། ༨ དེ་རུ་རིབ་ཀཱའི་འཚོ་རྫི་དེ་བོ་རཱ་བྱ་བ་ཤི་ནས་བེད་ཨེལ་གྱི་ཟུར་ལ་བེ་ཤིང་གི་འོག་ཏུ་དུར་དུ་བཅུག་གོ། བེ་ཤིང་དེ་ལ་ཨལ་ལོན་པཱ་ཁུད་༼བོད་སྐད་དུ་མྱ་ངན་བྱེད་པའི་བེ་ཤིང་༽བཏགས་སོ༎
༩ ཡང་ཡ་ཀོབ་ནི་ཕ་དན་ཨ་རམ་ཡུལ་ནས་ཡོངས་པའི་ཚེ་ཁོས་དཀོན་མཆོག་ཀྱང་མཐོང་བར་གྱུར་པ་དང་ཁོ་ལ་བྱིན་རླབས་མཛད་དོ། ༡༠ དཀོན་མཆོག་གིས་དེ་ལ་བཀའ་སྩལ་པ། ཁྱོད་ཀྱི་མིང་ཡ་ཀོབ་ཅེས་ཟེར་ཏེ། ད་ཕྱིན་ཅད་ཡ་ཀོབ་ཏུ་མི་ཟེར་གྱི། ཁྱོད་ཀྱི་མིང་ཨིས་ར་ཨེལ་ཟེར་དགོས། དེ་བས་ན་དེའི་མིང་ཨིས་ར་ཨེལ་ཞེས་བཏགས་སོ། ༡༡ ཡང་དཀོན་མཆོག་གིས་དེ་ལ་གསུངས་པ། ང་ནི་དཀོན་མཆོག་ཀུན་དབང་ཡིན་པས། བརྒྱུད་དང་ལྡན་པར་གྱུར་ཏེ་འཕེལ་ཞིག མི་བརྒྱུད་དང་མི་བརྒྱུད་ཀྱི་ཚོགས་རྣམས་ཁྱོད་ནས་འབྱུང་ཡོང་། རྒྱལ་པོ་རྣམས་ཁྱོད་ཀྱི་དཔྱིའི་ནང་ནས་འབྱུང་བར་འགྱུར། ༡༢ ཨབ་ར་ཧམ་དང་ཨི་སཱག་ལ་བཏང་བའི་ཡུལ་ངས་ཁྱོད་ལ་གཏང་། ཁྱོད་ཀྱི་རྗེས་ལ་ཡོང་བའི་བུ་བརྒྱུད་ལ་ཡུལ་འདི་གཏོང་བར་བྱའོ་ཞེས་བཀའ་གནང་ངོ་། ༡༣ དཀོན་མཆོག་གིས་དེ་ལ་གསུང་གླེང་མཛད་པའི་གནས་དེ་ནས་ཁོའི་དྲུང་ནས་འཕགས་སོ། ༡༤ གསུང་གླེང་མཛད་པའི་གནས་དེ་རུ་ཡ་ཀོབ་ཀྱིས་རྡོའི་ཐོ་ཡོར་ཞིག་བཙུགས་ནས། དེའི་ཐོག་ཏུ་གསེར་སྐྱེམས་བཏང་ནས། དེའི་ཁར་འབྲུ་མར་བླུགས་སོ། ༡༥ དཀོན་མཆོག་གིས་ཡ་ཀོབ་ལ་གསུང་གླེང་མཛད་པའི་གནས་དེའི་མིང་བེད་ཨེལ་བཏགས་སོ༎
༡༦ བེད་ཨེལ་ནས་སོང་སྟེ་ཨེབ་རད་དུ་ནར་ཞིག་མ་སླེབས་པར། ར་ཧེལ་ལ་སྐྱེ་ཟུག་བྱུང་ནས་སྐྱེ་རུ་དཀའ་བ་བྱུང་། ༡༧ ཡང་སྐྱེ་གཟེར་ཧ་ཅང་དཀའ་བས། པང་གཡོག་མས་དེ་ལ། འདི་ཡང་ཁྱོད་ཀྱི་བུ་ཡིན་པས་མ་འཇིགས་ཤིག ༡༨ དེའི་སྲོག་འཐོན་ཁར་ཁོས་བུའི་མིང་བེན་ཨོ་ནི་བཏགས་ནས་ཤིའོ། ཕས་བེན་ཡ་མིན་ཞེས་བཏགས་སོ། ༡༩ དེ་ལྟར་ར་ཧེལ་ཚེ་འདས་ནས་ཨེབ་རད་ཀྱི་ལམ་དུ་དུར་དུ་བཅུག གནས་དེ་ནི་བེད་ལེ་ཧེམ་ཡུལ་ཡིན་ནོ། ༢༠ ཡང་ཡ་ཀོབ་དེའི་དུར་གྱི་སྟེང་དུ་ཐོ་ཞིག་བསླངས་ནས། དེ་ནི་དེ་རིང་གི་ཉིན་མོའི་བར་དུ་ར་ཧེལ་གྱི་བང་སོ་ཁར་ཡོད་དོ། ༢༡ དེ་ནས་ཨིས་ར་ཨེལ་ཆས་ཏེ་ཨེ་དེར་བྱ་བའི་མཁར་གྱི་ཕ་རོལ་དུ་གུར་སྤུབས་སོ༎
༢༢ ཡང་ཨིས་ར་ཨེལ་ཡུལ་དེ་ན་གནས་པའི་ཚེ་ན། རུ་བེན་ཕའི་ཟུར་གྲོགས་བིལ་ཧཱ་དང་འགྲོགས་སོ། བྱ་བ་དེའི་རྒྱུས་ཨིས་ར་ཨེལ་ལ་སོང་ངོ་། ཡ་ཀོབ་ཀྱི་བུའི་གྲངས་ནི་བཅུ་གཉིས་སོ། ༢༣ ལེ་ཨ་ཡི་བུ་རྣམས་ནི། སྔོན་སྐྱེས་རུ་བེན་དང་། ཤིམ་ཨོན་དང་། ལེ་ཝི་དང་། ཡ་ཧུ་དཱ་དང་། ཨི་ས་གར་དང་། ཟེ་བུ་ལོན་ཡིན་ནོ། ༢༤ ར་ཧེལ་གྱི་བུ་རྣམས་ནི། ཡོ་སེབ་དང་། བེན་ཡ་མིན་ནོ། ༢༥ ཡང་ར་ཧེལ་གྱི་བྲན་མོ་བིལ་ཧཱའི་བུ་རྣམས་ནི་དཱན་དང་། ནབ་ཐ་ལིའོ། ༢༦ ཡང་ལེ་ཨཱ་ཡི་བྲན་མོ་ཟིལ་པཱའི་བུ་རྣམས་ནི་གད་དང་ཨ་ཤེར་རོ། དེ་ནི་ཡ་ཀོབ་ལ་ཕ་དན་ཨ་རམ་ཡུལ་ན་བྱོར་བའི་བུ་རྣམས་སོ༎
༢༧ དེ་ནས་ཡ་ཀོབ་ཕ་ཨི་སཱག་གི་དྲུང་དུ་ཁིར་ཡད་ཨར་བཱ་དང་ཉེ་བའི་མམ་རེ་རུ་འོངས་སོ། དེ་ལ་ཧེབ་རོན་ཡང་ཟེར། གནས་དེ་རུ་ཨབ་ར་ཧམ་དང་ཨི་སཱག་གིས་བྲང་ས་བྱས་པ་ཡིན། ༢༨ ཡང་ཨི་སཱག་གི་ཚེ་ལོ་བརྒྱ་དང་བརྒྱད་ཅུ་ལོན་ནས། ༢༩ ཨི་སཱག་གི་དབུགས་ཐིམ་ནས་ཚེ་འདས་སོ། རྒས་ཤིང་ཚེ་ཚད་ཚང་ནས་ཕ་མེས་རྣམས་ཀྱི་དྲུང་དུ་འཛོམས་པར་གྱུར་ཏོ། ཁོའི་བུ་ཨེ་སབ་དང་ཡ་ཀོབ་ཀྱིས་ཁོ་དུར་དུ་བཅུག་གོ།