༣༤
ཡ་ཀོབ་ལ་ལེ་ཨ་ནས་ཐོབ་པའི་བུ་མོ་དི་ནཱ་བྱ་བ་དེ་ཡུལ་གྱི་མིའི་བུ་མོ་ལ་བལྟ་བར་སོང་ངོ་།  ཡུལ་དེའི་རྒྱལ་ཕྲན་ཧི་ཝི་པ་ཕ་ཧ་མོར་གྱི་བུ་སི་ཀེམ་གྱིས་བུ་མོ་དེ་མཐོང་ནས། ཁོས་མོ་ཁྱེར་ནས་དེ་དང་འགྲོགས་ཏེ། མོའི་དམའ་ཕབ་བོ།  མི་དེ་སྙིང་ཡ་ཀོབ་ཀྱི་བུ་མོ་དི་ནཱ་ལ་སོང་ནས་བུ་མོ་ལ་ཆགས་ཏེ་གཏམ་སྙན་པོ་བྱས་སོ།  དེའི་ཕྱིར་སི་ཀེམ་གྱིས་ཕ་ཧ་མོར་ལ། བུ་མོ་དེ་ངའི་ཆུང་མར་ལོངས་ཤིག་ཟེར་ཏོ།  ཡ་ཀོབ་ཀྱིས་རང་གི་བུ་མོ་དི་ནཱ་མི་གཙང་བར་བྱས་པ་དེ་ཐོས་ནས། བུ་རྣམས་ཕྱུགས་དང་མཉམ་དུ་ཐང་ལ་ཡོད་པས། དེ་དག་ཕྱིར་མ་ལོག་པའི་བར་དུ་ཁོས་ཅིའང་མ་སྨྲས་སོ།  དེ་ནས་སི་ཀེམ་གྱི་ཕ་ཧ་མོར་་ཡ་ཀོབ་ལ་གཏམ་བྱེད་པར་ཐོན་པ་དང་།  ཡ་ཀོབ་ཀྱི་བུ་རྣམས་ཀྱིས་གཏམ་དེ་ཐོས་པའི་ཚེ་ཐང་ནས་འོངས་སོ། དེ་དག་ཁོང་འཁྲུགས་ཏེ་མི་དེས་ཨིས་ར་ཨེལ་ལ་ལས་ངན་བྱས་ཏེ་ཡ་ཀོབ་ཀྱི་བུ་མོ་དང་འགྲོགས་ནས་བྱེད་དུ་མི་རུང་བ་བྱས་པས་ཤིན་ཏུ་ཁྲོས་སོ༎
 ཡང་ཧ་མོར་གྱིས་དེ་དག་ལ་སྨྲས་པ། ངའི་བུ་སི་ཀེམ་གྱིས་ཁྱེད་ཀྱི་བུ་མོ་སྙིང་ནས་འདོད་པས། དེ་ཁོའི་ཆུང་མར་ཐོང་ཞིག  ཁྱེད་རྣམས་ཀྱིས་ངེད་ཅག་དང་གཉེན་བྱོས་ཤིག ཁྱེད་ཀྱི་བུ་མོ་རྣམས་ངེད་རྣམས་ལ་ཐོང་། ངེད་ཀྱི་བུ་མོ་རྣམས་ཁྱེད་རྣམས་ཀྱིས་བློངས་ཤིག ༡༠ ངེད་ཀྱི་རྩར་གཞིས་ཟུང་ལ་ཁྱེད་ཀྱི་མདུན་དུ་ཡུལ་གྱི་སྒོ་ཕྱེ་སྟེ་ཡོད་པའི་ཕྱིར་འདི་རུ་གནས་ཏེ་ཚོང་བྱེད་ཅིང་ནོར་བྱོས་ཤིག ༡༡ དེ་ནས་སི་ཀེམ་གྱིས་ཀྱང་བུ་མོའི་ཕ་དང་མིང་པོ་རྣམས་ལ། ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་ཏེ་ཁྱེད་ཅག་གིས་ང་ལ་ཅི་མོལ་བ་བཞིན་དུ་ངས་འབུལ་བར་བྱ། ༡༢ བག་མའི་རིན་དང་གནང་སྦྱིན་ཇི་གཅད་ཀྱང་། ཁྱེད་ཀྱིས་ཇི་ཙམ་ཟེར་བ་བཞིན་དུ་ངས་འབུལ་བར་བྱ། འོན་ཀྱང་བུ་མོ་ང་ལ་བག་མར་གནོང་ཞིག་ཅེས་ཞུས་སོ༎
༡༣ ཡ་ཀོབ་ཀྱི་བུ་རྣམས་ཀྱིས་སི་ཀེམ་དང་ཧ་མོར་གྱི་གཏམ་གྱི་ལན་དུ་གཡོ་སྒྱུའི་གཏམ་བྱས་སོ། གང་ལ་ཞེ་ན། ཁོས་སྲིང་མོ་དི་ནཱ་མི་གཙང་བར་བྱས་པའི་ཕྱིར་རོ། ༡༤ ཁོ་རྣམས་ཀྱིས་དེ་དག་ལ། གཏམ་དེ་བཞིན་ང་ཚོ་བྱེད་མི་ཐུབ། ང་ཚོའི་སྲིང་མོ་མདུན་ལྤགས་མ་བཅད་པའི་མི་ཞིག་ལ་བག་མར་གཏོང་བ་དེ་ནི་ངེད་རྣམས་ཀྱི་ལུགས་ལ་ངོ་ཚ་བྱེད་པའི་རྒྱུ་ཡིན་པས་མི་རུང་། ༡༥ གལ་ཏེ་ཁྱེད་ངེད་དང་འདྲ་བར་གྱུར་ཏེ་ཕོ་ཐམས་ཅད་ཀྱི་མདུན་ལྤགས་གཅོད་ན་ང་ཚོ་ཁྱོད་ཚོ་དང་མཐུན་ཡོང་། ༡༦ དེ་ནས་ངེད་ཀྱི་བུ་མོ་རྣམས་ཁྱེད་ལ་གཏོང་བ་དང་ཁྱེད་ཀྱི་བུ་མོ་རྣམས་ང་ཚོས་ལེན་པ་དང་། ཁྱེད་དང་མཉམ་དུ་གནས་ཤིང་མི་བརྒྱུད་གཅིག་པ་འགྱུར་ཡོང་། ༡༧ ཇི་སྟེ་ཁྱེད་རྣམས་ཀྱིས་ངེད་རྣམས་ལ་མི་ཉན་པར་མདུན་ལྤགས་མི་གཅོད་ན། ང་ཚོས་ངེད་ཀྱི་བུ་མོ་ཁྱེར་ཏེ་འདི་ནས་འགྲོའོ་ཞེས་སྨྲས་སོ༎
༡༨ གཏམ་དེ་ལ་ཧ་མོར་གྱི་བུ་སི་ཀེམ་དགའ་འོ། ༡༩ གཞོན་ནུས་ཡ་ཀོབ་ཀྱི་བུ་མོ་ལ་སྡུག་པར་འཛིན་པའི་ཕྱིར་དུ་གཏམ་དེ་བཞིན་དུ་བྱེད་པར་མ་འགོར་རོ། ཕའི་ཁང་པ་ལ་ཡོད་པའི་མི་ཐམས་ཅད་ལས་ཁོ་ཆེན་པོ་བརྩིས་པ་ཡིན། ༢༠ ཧ་མོར་དང་བུ་སི་ཀེམ་གཉིས་གྲོང་ཁྱེར་གྱི་རྒྱལ་སྒོར་སོང་ནས་གྲོང་ཁྱེར་གྱི་མི་རྣམས་ལ་འདི་སྐད་ཅེས་སྨྲས་པ། ༢༡ མི་འདི་རྣམས་ཀྱི་སེམས་ངེད་དང་ཉེ་བས། ངེད་དང་མཉམ་དུ་གནས་ཤིང་ཡུལ་ན་རང་གི་ཚོང་བྱེད་དུ་འགྲོ་བར་རུང་། ད་ཡུལ་ཕྱོགས་ཐམས་ཅད་དེ་དག་གི་མཐོང་ངོར་གུ་ཡངས་མོ་ཡིན་ཏེ། དེ་དག་གི་བུ་མོ་རྣམས་ངེད་ཀྱི་ཆུང་མར་ལེན་པ་དང་ངེད་ཀྱི་བུ་མོ་རྣམས་དེ་དག་ལ་གཏོང་བར་བྱའོ། ༢༢ འོན་ཀྱང་དེ་དག་གི་མདུན་ལྤགས་གཅོད་པ་ལྟར་ངེད་ཀྱི་ནང་གི་ཕོ་ཐམས་ཅད་ཀྱི་མདུན་ལྤགས་གཅོད་ན་དེ་འབའ་ཞིག་གིས་མི་དེ་དག་ངེད་དང་མཉམ་དུ་གནས་ཤིང་མི་བརྒྱུད་གཅིག་པ་འགྱུར་བར་མཐུན་ནོ། ༢༣ དེ་དག་གི་ནོར་རྫས་དང་དུད་འགྲོ་ཐམས་ཅད་ངེད་རྣམས་ལ་མི་ཡོང་ངམ། འོན་ཀྱང་དེ་དག་གི་གཏམ་བཞིན་དུ་བྱེད་དགོས། དེ་ནས་ངེད་དང་མཉམ་དུ་གནས་པར་འགྱུར་རོ། ༢༤ ཡང་ཡུལ་གྱི་རྒྱ་སྒོ་ལ་ཕན་ཚུན་འགྲོ་བའི་མི་ཐམས་ཅད་ཧ་མོར་དང་བུ་སི་ཀེམ་གྱི་བཀའ་ལ་ཉན་ཏེ། ཡུལ་གྱི་རྒྱ་སྒོར་ཕར་ཚུར་འགྲོ་བའི་ཕོ་ཐམས་ཅད་ཀྱི་མདུན་ལྤགས་བཅད་དོ༎
༢༥ དེ་ནས་ཞག་གསུམ་པ་ལ་ཟུག་རྔུ་མྱོང་བའི་ཚེ། ཡ་ཀོབ་ཀྱི་བུ་ཤིམ་ཨོན་དང་ལེ་ཝི་གཉིས་དི་ནཱ་ཡི་མིང་པོ་དེས། རང་རང་གི་རལ་གྲི་ཐོགས་ཤིང་ཧུན་མེད་ལ་ཡུལ་དུ་སོང་ནས་ཕོ་ཐམས་ཅད་བསད་དོ། ༢༦ ཧ་མོར་དང་བུ་སི་ཀེམ་རལ་གྲིའི་ཁས་བསད་ནས། སི་ཀེམ་གྱི་ཁང་པ་ནས་དི་ནཱ་ཁྲིད་དེ་སོང་ངོ་། ༢༧ ཡ་ཀོབ་ཀྱི་བུ་རྣམས་བསད་པའི་རོའི་ཐོག་ཏུ་འོངས་ནས་སྲིང་མོ་མི་གཙང་བར་བྱས་པའི་ཕྱིར་དུ་ཡུལ་བཅོམ་མོ། ༢༨ དེ་དག་གི་ལུག་དང་བ་གླང་དང་བོང་བུ་དང་། ཡུལ་གྱི་ནང་ན་ཅི་ཡོད་པ་དང་། ཞིང་ལ་ཡང་ཅི་ཡོད་པ་ཁྱེར། ༢༩ རྫས་ཐམས་ཅད་དང་དེ་དག་གི་ཕྲུ་གུ་དང་ཆུང་མ་རྣམས་དང་། ཁང་པའི་ནང་ན་ཡོད་པའི་ནོར་ཀུན་ཕྲོགས་ཏེ་ཁྱེར་ཏོ། ༣༠ དེར་ཡ་ཀོབ་ཀྱིས་ཤིམ་ཨོན་དང་ལེ་ཝི་གཉིས་ལ། ཁྱོད་ཀྱིས་ཡུལ་གྱི་མི་ཀ་ན་ཨན་པ་དང་ཕེ་རི་ཟི་པའི་དཀྱིལ་ན་ངའི་མིང་དྲི་མས་བརླགས་པར་བྱས་ཏེ་འཁྲུག་ཏུ་བཅུག་ནས། ང་མཉམ་མི་གྲངས་ཉུང་བས། དེ་དག་རུབ་སྟེ་ང་ལ་འཐབ་ཏུ་འོངས་ནས་ང་དང་ངའི་ཁང་ཚང་མེད་པར་བྱའོ་ཞེས་སྨྲས་སོ། ༣༡ དེ་དག་གིས་སྨད་འཚོང་མ་ལ་སྤྱོད་པ་ལྟར་ང་ཚོའི་སྲིང་མོ་ལ་སྤྱོད་པར་རུང་ངམ་སྨྲས་སོ༎