༣༣
དེ་ནས་ཡ་ཀོབ་ཀྱིས་མིག་བཏེགས་ཏེ་བལྟས་པས། ལྟོས་ཤིག ཨེ་སབ་མི་བཞི་བརྒྱ་དང་བཅས་སུ་འོང་བར་མཐོང་ངོ་། ཁོས་ལེ་ཨ་དང་ར་ཧེལ་དང་བྲན་མོ་གཉིས་ལ་རང་རང་གི་ཕྲུ་གུ་རྣམས་གཏད་དོ། ༢ དང་པོར་བྲན་མོ་རྣམས་ཕྲུ་གུ་དང་བཅས་པ་དང་། བར་དུ་ལེ་ཨ་ཕྲུ་གུ་དང་བཅས་པ་དང་། མཐར་ར་ཧེལ་དང་ཡོ་སེབ་བཞག་གོ། ༣ དེ་དག་གི་སྔོན་ལ་ཁོ་རང་སོང་བ་དང་། རང་གི་སྤུན་རྩར་མ་སླེབ་པའི་བར་དུ་ལན་བདུན་ལུས་ས་ལ་རྡབ་ཀྱིན་འོངས་པ་ལས།༤ ཨེ་སབ་བསུ་བར་བརྒྱུགས་ཏེ་ཁོ་སྐེ་ནས་འཁྱུད་ཅིང་ཁ་བསྐྱལ་ཏེ་དེ་གཉིས་ངུས་སོ། ༥ དེ་ནས་དེས་མིག་བཏེགས་ཏེ་བུ་མོ་རྣམས་ལ་བལྟས་ནས། ཁྱོད་དང་མཉམ་དུ་ཡོད་པ་དེ་སུ་ཡིན་དྲིས་ནས། དེས་ཞུས་པ། དཀོན་མཆོག་གི་ཐུགས་རྗེས་བྲན་ལ་གནང་བའི་ཕྲུ་གུ་རྣམས་ཡིན་ནོ། ༦ དེ་ནས་བྲན་མོ་རྣམས་ཕྲུ་གུ་དང་བཅས་པ་འོངས་ཏེ་ལུས་ས་ལ་བརྡབས། ༧ ལེ་ཨ་ཕྲུ་གུ་དང་བཅས་པ་འོངས་ཏེ་ལུས་ས་ལ་བརྡབས། མཐར་ཡོ་སེབ་དང་ར་ཧེལ་གཉིས་ཀྱང་འོངས་ཏེ་ལུས་ས་ལ་བརྡབས་སོ། ༨ དེ་ནས་དེས་ང་དང་ཕྲད་པའི་ཚོ་ཐམས་ཅད་ཀྱི་དོན་ཅི་ཡིན་སྨྲས་ནས། ཁོས་ང་ལ་ཇོ་བོའི་གཟིགས་པ་ཐོབ་པའི་ཕྱིར་རོ་ཞུས། ༩ ཨེ་སབ་ཀྱིས་ང་ལ་མང་པོ་ཡོད། སྤུན་རང་གི་ཡིན་པའི་ནོར་སྤུན་རང་གིས་འཇོག་ཅིག་སྨྲས་སོ། ༡༠ ཡ་ཀོབ་ཀྱིས་དེ་མི་འགྲིག ཨ་ཇོས་ང་ལ་ཐུགས་རྗེས་གཟིགས་ཏེ་ངའི་ལག་ནས་ཕུལ་བའི་ཕྱག་རྟེན་བཞེས་ཤིག ཅི་ལ་ཞེ་ན། ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་པས། ངས་ཁྱེད་ཀྱི་ཞལ་གདོང་མཐོང་བ་ནི་དཀོན་མཆོག་གི་ཞལ་རས་མཐོང་བ་ལྟར་ཡོད་པ་ཡིན་པའི་ཕྱིར་རོ། ༡༡ དཀོན་མཆོག་གིས་ང་ལ་ཐུགས་རྗེས་གཟིགས་ཏེ། ང་ལ་ནོར་ཡོད་པ་དེས་ཆོག་པས། ང་ལ་ཁྱེད་ཀྱི་ཕྱིར་བརྙེད་པའི་བྱིན་རླབས་དེ་བཞེས་ཤིག་ཅེས་ཡ་ཀོབ་ཀྱིས་ནན་གྱིས་ཞུས་ཏེ་ཁོས་ཕྱག་རྟགས་བླངས་སོ༎
༡༢ ཡང་དེས། ད་ངེད་ཅག་ཐེགས་ནས་འགྲོ་བར་བྱ། ང་ཁྱོད་ཀྱི་སྔོན་ལ་འགྲོ། ༡༣ ཡ་ཀོབ་ཀྱིས་དེ་ལ། ང་ལ་ཕྲུ་གུ་ཆུང་བ་དང་ནུ་ཞོ་སྣུན་པའི་ར་ལུག་དང་བ་གླང་ཡོད་པས། ཞག་གཅིག་ཚ་དེད་བཏང་ན་ཁྱུ་ཐམས་ཅད་ཤི་ཡོང་ཇོ་བོས་མཁྱེན་ནོ། ༡༤ ཇོ་བོ་བྲན་གྱི་སྔོན་ལ་བྱོན་ཞིག་དང་། ངའི་སྔོན་ལ་ཡོད་པའི་ཁྱུ་དང་ཕྲུ་གུ་འགྲུལ་བའི་འགྲོས་དང་བསྟུན་ཏེ་ཡང་ག་ལེར་འགྲུལ་ཞིང་། ཇོ་བོ་ཕེབས་རྗེས་སུ་སེ་ཨིར་ཡུལ་དུ་སླེབས་ཡོང་ཞེས་ཞུས་སོ༎
༡༥ ཨེ་སབ་ཀྱིས་ང་དང་མཉམ་དུ་ཡོད་པའི་མི་འགའ་ཞིག་ཁྱོད་ལ་རོགས་བྱེད་དུ་གཏོང་བར་གནོང་ཞེས་སྨྲས་པ་དང་། ཁོ་ན་རེ། རོགས་ཅི་ལ་དགོས། ང་ལ་ཇོ་བོའི་གཟིགས་པ་ཐོབ་པས་ཆོག་ཞུས་སོ། ༡༦ ཨེ་སབ་དེའི་ཉིན་པར་རང་གི་ལམ་ལ་སེ་ཨིར་ཡུལ་དུ་ཕྱིར་སོང་ངོ་། ༡༧ ཡ་ཀོབ་་སུ་ཀོད་ལ་སོང་ནས་དེར་ཁང་པ་བཟོས་པ་དང་། ལུག་ཕྱུགས་ལ་སྤྱིལ་པོ་རྣམས་བྱས་སོ། དེའི་ཕྱིར་གནས་དེའི་མིང་སུ་ཀོད་༼བོད་སྐད་དུ་སྤྱིལ་པོ་༽ཞེས་ཟེར་རོ༎
༡༨ ཡང་ཡ་ཀོབ་་ཕ་དན་ཨ་རམ་ཡུལ་ནས་འོངས་པའི་ཚེ། ཀ་ན་ཨན་ཡུལ་ན་ཡོད་པའི་གྲོང་ཁྱེར་སི་ཀེམ་བྱ་བ་ཞིག་ཏུ་ཁམས་བདེ་བར་བསླེབས་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་གནས་སོ། ༡༩ ཡང་གུར་ཕུབ་པའི་ས་གནས་ཀྱི་ཞིང་དེའི་ཆ་གཅིག་སི་ཀེམ་གྱི་ཕ་ཧ་མོར་བྱ་བའི་བུ་རྣམས་ནས་རིན་ཀ་སི་ཐཱ་བྱ་བ་བརྒྱ་བསྐར་བཏང་ནས་ཉོས་སོ། ༢༠ ཡང་གནས་དེ་རུ་མཆོད་ཁྲི་ཞིག་བཟོས་ནས། དེའི་མིང་ཨིས་ར་ཨེལ་གྱི་དཀོན་མཆོག་ལགས་པའི་དཀོན་མཆོག་ཅེས་བཏགས་སོ༎