༣༢
ཡ་ཀོབ་རང་གི་ལམ་ལ་ཞུགས་ཏེ་དཀོན་མཆོག་གི་ཕོ་ཉ་རྣམས་དེའི་རྩར་འོངས་སོ། ༢ ཡ་ཀོབ་དེ་དག་མཐོང་ནས་འདི་ནི་དཀོན་མཆོག་གི་དམག་ཚོགས་ཡིན་ཞེས་སྨྲས་ནས། གནས་དེའི་མིང་མ་ཧ་ནཱ་ཨིམ་ཞེས་བཏགས་སོ། ༣ ཡང་ཡ་ཀོབ་ཀྱིས་རང་གི་མདུན་ནས་སྤུན་ཨེ་སབ་ལ་ཨེ་དོམ་ཡུལ་འཁོར་སེ་ཨིར་བྱ་བའི་རི་རྒྱུད་དུ་བང་ཆེན་རྣམས་བཏང་ནས། ༤ དེ་དག་ལ་ཁྱོད་ཅག་གིས་ངའི་ཨ་ཇོ་ཨེ་སབ་ལ་ཞུས་ཤིག བྲན་ཡ་ཀོབ་ཀྱིས་ཁྱེད་ལ་འདི་ལྟར་ཞུ། ང་ལ་བན་གྱི་དྲུང་དུ་འདུག་སྟེ་ད་ལྟའི་བར་དུ་དེ་རུ་གནས་ནས། ༥ བ་གླང་དང་། བོང་བུ་དང་། ར་ལུག་དང་། གཡོག་པོ་དང་། གཡོག་མོ་རྣམས་ང་ལ་ཡོད། ཁྱེད་ལ་ངག་ལོན་ཞུ་བའི་མི་བཏང་བས་ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་སུ་གསོལ་ཞེས་ཞུ་བ་འབུལ་དགོས།༦ ཡང་བང་ཆེན་རྣམས་ཡ་ཀོབ་ཀྱི་དྲུང་དུ་ཕྱིར་ལོག་ནས། ང་ཅག་ཁྱེད་ཀྱི་སྤུན་ཨེ་སབ་ཀྱི་རྩར་སླེབས། ཁོ་རང་ད་ལྟ་མི་བཞི་བརྒྱ་དང་བཅས་པ་ཁྱེད་ཀྱི་ཕྱོགས་སུ་ཡོང་གིན་ཡོད་ཞུས་སོ། ༧ ཡ་ཀོབ་ཤིན་ཏུ་འཇིགས་ཤིང་ཁོང་འཁྲུགས་ཏེ་རང་གི་ཡིན་པའི་མི་དང་ར་ལུག་དང་། བ་གླང་དང་རྔ་མོང་རྣམས་ཚོ་གཉིས་སུ་བགོས། ཅི་ལ་ཞེ་ན། ༨ ཡ་ཀོབ་ཀྱི་བསམ་པ་ལ་གལ་ཏེ་ཨེ་སབ་ཀྱིས་དགྲ་བྱེད་ཅིང་ཚོ་གཅིག་བཅོམ་ན། ཚོ་གཞན་གཅིག་ཐར་ཡོང་ཞེས་བསམས་པའི་ཕྱིར་རོ། ༩ དེ་ནས་ཡ་ཀོབ་ཀྱིས་འདི་སྐད་དུ། ཀྱེ་ཡ་ཧོ་ཝཱ་ངའི་ཡབ་ཨབ་ར་ཧམ་དང་ཨི་སཱག་གི་དཀོན་མཆོག ཁྱེད་ཀྱིས་ང་ལ། ཁྱོད་ཀྱི་ཕ་ཡུལ་དང་སྐྱེ་གནས་སུ་ཕྱིར་ལོག་ཅིག་དང་། ངས་ཁྱོད་ལ་སྐྱབས་བྱའོ་ཞེས་བཀའ་གནང་བས། ༡༠ ད་ཁྱེད་ཀྱིས་བྲན་ལ་མཛད་པའི་ཐུགས་རྗེ་དང་བརྩེ་བའི་སྐྱབས་ཐམས་ཅད་ཀྱི་ནང་ནས་ང་ལ་ཟུར་ཞིག་ཀྱང་ཐོབ་པར་མི་འོས། ཡོར་དན་ཆུ་འདི་ལས་བརྒལ་བའི་ཚེ། ང་ལ་དབྱུག་པ་འདི་གཅིག་ཡོད་པ་ཡིན། ད་ལྟ་ཚོ་གཉིས་སུ་གྱུར་པའི་ཕྱིར་རོ། ༡༡ ངའི་སྤུན་ཨེ་སབ་ཀྱི་ལག་པ་ནས་ང་ཐར་བར་མཛོད་ཅིག ཁོ་ཡོངས་ཏེ་ང་མ་སྨད་དང་བཅས་པ་གསད་པའི་ཕྱིར་འཇིགས་སོ། ༡༢ ད་ཁྱེད་ཀྱིས་ངས་ཁྱོད་ལ་སྐྱབས་བྱས་ཏེ་རྒྱ་མཚོའི་བྱེ་མའི་གྲངས་རྩི་མི་ཐུབ་པ་ལྟར་ངས་ཁྱོད་ཀྱི་བུ་བརྒྱུད་བྱེད་པར་འགྱུར་རོ་ཞེས་བཀའ་གནང་བ་ཡིན་ཞེས་ཞུས་སོ༎
༡༣ ཡང་མཚན་མོ་དེ་ལ་གནས་དེ་རུ་བསྡད་དེ་ཁོ་ལ་ཡོད་པའི་ནོར་གྱི་ནང་ནས་སྤུན་ཨེ་སབ་ལ་ཕྱག་རྟགས་ནི། ༡༤ ར་མ་ཉིས་བརྒྱ་དང་། ར་ཐུག་ཉི་ཤུ་དང་། ལུག་ཉིས་བརྒྱ་དང་། ལུག་ཐུག་ཉི་ཤུ་དང་། ༡༥ ནུ་མ་སྣུན་པའི་རྔ་མོང་རྔ་ཕྲུག་དང་བཅས་པ་སུམ་ཅུ་དང་། བ་བཞི་བཅུ་དང་། ཕ་གླང་བཅུ་དང་། བོང་མོ་ཉི་ཤུ་བོང་ཕྲུག་བཅུ་དང་བཅས་པ་དེ་ཐམས་ཅད། ༡༦ གཡོག་པོ་རྣམས་ཀྱི་ལག་ལ་བཏད་དེ་ཚོ་སོ་སོར་འཕྲལ་ནས་གཡོག་པོ་ལ། ཚོ་གཅིག་དང་གཅིག་བར་འགྱངས་བཅུག་ནས་ངའི་སྔོན་ལ་སོང་ཞིག ༡༧ ཚོ་པ་དང་པོ་ལ། ངའི་སྤུན་ཨེ་སབ་ཁྱོད་དང་ཕྲད་དེ་ཁྱོད་ལ། ཁྱོད་སུ་ཡིན། ག་རུ་འགྲོ། མདུན་ལ་ཡོད་པའི་ནོར་སུའི་ཡིན་འདྲི་ན། ༡༨ ཁྱོད་ཀྱིས་ཁྱེད་ཀྱི་བྲན་ཡ་ཀོབ་ཀྱིས་ཇོ་བོ་ཨེ་སབ་ལ་ཕུལ་བའི་ཕྱག་རྟེན་ཞིག་ཡིན། ད་ཁོ་རང་ཡང་རྗེས་ལ་ཡོད་ཅེས་ཞུས་ཤིག ༡༩ དེ་ལྟར་ཁོས་ཚོ་པ་གཉིས་པ་དང་གསུམ་པ་དང་ཚོ་རྣམས་ཀྱི་རྗེས་སུ་འགྲོ་བའི་ཚོ་པ་ཐམས་ཅད་ལ། ཁྱོད་ཀྱིས་ཨེ་སབ་དང་ཕྲད་ན་གཏམ་དེ་བཞིན་དུ་ཞུས་ཤིག ༢༠ དེ་ནས་ཡང་། གཟིགས་ཤིག ཁྱེད་ཀྱི་བྲན་ཡ་ཀོབ་ང་ཅག་གི་རྗེས་སུ་ཡོད་ཞུས་ཤིག ཅེས་སྨྲས་སོ། ཅི་ལ་སྨྲས་ཞེ་ན། དེས་ངའི་སྔོན་ལ་འགྲོ་བའི་ཕྱག་རྟགས་ཀྱིས་དེ་དང་བསྡུམ་པར་བྱས་པའི་འོག་ཏུ་ངས་དེའི་གདོང་ལ་ལྟ་བར་བྱའོ། དེ་ནས་ཁོས་ང་བསྙེན་པར་འགྱུར་ལས་ཆེ་ཞེས་བསམས་སོ། ༢༡ དེ་ལྟར་ཕྱག་རྟགས་དེའི་སྔོན་ལ་ཕ་རོལ་དུ་སོང་ནས། ཁོ་རང་མཚན་དེ་ལ་བྲང་ས་ལ་བསྡད་དོ༎
༢༢ དེ་ནས་མཚན་མོ་དེ་ལ་ལངས་ནས་ཆུང་མ་གཉིས་དང་གཡོག་མོ་གཉིས་དང་ཕྲུ་གུ་བཅུ་གཅིག་ཁྲིད་དེ་ཡབ་བོག་གྲོག་པོའི་རབས་བརྒལ་ཏེ། ༢༣ དེ་དག་ཁྲིད་དེ་གྲོག་པོའི་ཕ་རོལ་ཏུ་བཏང་། ཁོ་ལ་ཡོད་པ་ཐམས་ཅད་ཀྱང་ཕར་ཁ་ལ་བཏང་ངོ་། ༢༤ ཡ་ཀོབ་རང་གཅིག་པུར་ལུས་སོ། དེར་མི་ཞིག་གིས་དེ་དང་ཐོ་རངས་ཀྱི་བར་དུ་སྣོལ་བར་བྱས། ༢༥ མི་དེས་ཁོ་ལས་མི་རྒྱལ་བར་མཐོང་ནས་དེའི་བརླ་ཁུག་ལ་རེག་པས། སྣོལ་བའི་ནང་ན་ཡ་ཀོབ་ཀྱི་དཔྱིའི་བརླ་ཁུག་འབོག་པར་གྱུར་ཏོ། ༢༦ ཡང་མི་དེས་ད་ནམ་ལངས་པས་ང་འགྲོ་ཆུག་ཅེས་བཀའ་གནང་ངོ་། ཁོས་གལ་ཏེ་བྱིན་རླབས་མི་མཛད་ན་མི་གཏང་ཞེས་གསོལ་ཏོ། ༢༧ མི་དེས་ཁྱོད་ཀྱི་མིང་ཅི་ཡིན་གསུངས་ནས། དེས་ངའི་མིང་ཡ་ཀོབ་ཡིན་ཞུས་སོ། ༢༨ དེ་ནས་མི་དེས། ད་ཕྱིན་ཅད་ཁྱོད་ཀྱི་མིང་ལ་ཡ་ཀོབ་མི་ཟེར་གྱི། ཨིས་ར་ཨེལ་ཟེར་བར་འགྱུར། ཅི་ལ་ཞེ་ན། ཁྱོད་ཀྱིས་དཀོན་མཆོག་དང་མི་ལ་བརྒོལ་ཏེ་ཐུབ་པ་ཡིན་ཞེས་གསུངས་སོ། ༢༩ ཡ་ཀོབ་ཀྱིས་ཁྱེད་ཀྱི་མཚན་ལ་ཅི་ཞུ་ཞུས་པས། མི་དེས་ངའི་མིང་ཅི་ལ་འདྲི་གསུངས་ནས། ཁོང་གིས་གནས་དེ་རུ་དེ་ལ་བྱིན་རླབས་མཛད་དོ། ༣༠ ཡ་ཀོབ་ཀྱིས་གནས་དེའི་མིང་ཕེ་ནུ་ཨེལ་ཞེས་བཏགས་སོ། ཅིའི་ཕྱིར་ཞེ་ན། ངས་དཀོན་མཆོག་གི་ཞལ་ངོ་མཐོང་ནས་ངའི་སེམས་སོས་པར་གྱུར་ཏོ་ཞེས་སྨྲས་པས་སོ། ༣༡ ཁོ་ཕེ་ནུ་ཨེལ་ནས་ཐོན་ཏེ་ཉི་མ་ཤར་བ་དང་། དེའི་དཔྱི་ཞ་བོར་གྱུར་ཏོ། ༣༢ དེ་བས་ན་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་དེ་རིང་གི་ཉིན་མོའི་བར་དུ་དཔྱིའི་ཆུ་རྒྱུས་མི་ཟ། ཅི་ལ་ཟེར་ན། མི་དེས་ཡ་ཀོབ་ཀྱི་དཔྱིའི་ཆུ་རྒྱུས་ལ་རེག་པའི་ཕྱིར་རོ༎