༣༡
ཡང་ལ་བན་གྱི་བུ་རྣམས་ཀྱིས། ངེད་ཀྱི་ཕའི་ནོར་ཐམས་ཅད་ཡ་ཀོབ་ཀྱིས་ཁྱེར་ཏེ་ངེད་ཀྱི་ཕའི་ནོར་རྫས་ལས་ནོར་འདི་ཐམས་ཅད་བརྙེད་དོ། ཞེས་ཟེར་བའི་གཏམ་ཡ་ཀོབ་ཀྱིས་ཐོས་པ་དང་། ༢ ཡ་ཀོབ་ཀྱིས་ལ་བན་གྱི་གདོང་ལ་བལྟས་ཏེ། ལྟོས་དེས་རང་ལ་སྔོན་མ་བཞིན་དུ་མི་བྱེད་པ་མཐོང་ངོ་། ༣ ཡ་ཧོ་ཝཱས་ཡ་ཀོབ་ལ། ཁྱོད་ཀྱི་ཕ་ཡུལ་དུ་ལོག་དང་། ཁྱོད་ཀྱི་གཉེན་འབྲེལ་གྱི་རྩར་ཕྱིར་ལོག་ཅིག ང་ཁྱོད་དང་འགྲོགས་སོ་ཞེས་བཀའ་གནང་ངོ་། ༤ ཡང་ཡ་ཀོབ་ཀྱིས་ར་ཧེལ་དང་ལེ་ཨ་ལ་ངའི་ཁྱུའི་རྩར་ཐང་དུ་ཤོག་ཟེར་བའི་མི་ཞིག་བཏང་ནས། ༥ དེ་དག་ལ། ཁྱོད་ཀྱི་ཕའི་གདོང་ང་ལ་བལྟས་ཏེ་སྔོན་བཞིན་དུ་མེད་པར་མཐོང་ཡང་། ངའི་ཕའི་དཀོན་མཆོག་གིས་ང་ལ་སྐྱབས་མཛད་དོ། ༦ ངས་སྟོབས་ཚང་མ་ནས་ཁྱོད་ཅག་གི་ཕའི་གཡོག་བྱས་པ་ཁྱོད་ཅག་ལ་རྒྱུས་ཡོད། ༧ འོན་ཀྱང་ཁྱོད་ཀྱི་ཕས་ང་ལ་སྒྱུ་ཟོག་བྱས་ཏེ་ལན་བཅུ་ཙམ་ངའི་གླ་བསྒྱུར་ཀྱང་། ང་ལ་གནོད་པ་བྱེད་པ་དཀོན་མཆོག་གིས་དེ་ལ་མ་གནང་ངོ་། ༨ ཁོས་ཐིག་ལེ་ཅན་ཁྱོད་ཀྱི་གླ་ཡིན་སྨྲས་དུས་ཁྱུ་ཚང་མ་ཐིག་ལེ་ཅན་སྐྱེས། ཁོས་སྟག་རིས་ཅན་ཁྱོད་ཀྱི་གླ་ཡིན་སྨྲས་དུས་ཁྱུ་ཚང་མ་ལ་སྟག་རིས་ཅན་སྐྱེས། ༩ དེ་ལྟར་དཀོན་མཆོག་གིས་ཁྱེད་ཀྱི་ཕའི་ནོར་བཞེས་ཏེ་ང་ལ་གནང་ངོ་། ༡༠ ཡང་ཁྱུ་སྙོག་པའི་དུས་སུ་ངས་རྨི་ལམ་དུ་ངའི་མིག་བཏེགས་ཏེ་ར་ལུག་ལ་མཆོང་བའི་ར་ཐུག་དང་ལུག་ཐུག་རྣམས་ནི་སྟག་རིས་ཅན་དང་། ཐིག་ལེ་ཅན་དང་། ཁྲ་བོ་ཡོད་པར་མཐོང་བ་དང་། ༡༡ དཀོན་མཆོག་གི་ཕོ་ཉས་རྨི་ལམ་དུ་ང་ལ། ཀྱེ་ཡ་ཀོབ་གསུངས་ནས། ང་འདི་རུ་ཡོད་ཞུས་པ་ཡིན། ༡༢ དེས་ཡང་ང་ལ། ཁྱོད་ཀྱི་མིག་ཐེགས་ལ་ཁྱུ་ལ་མཆོང་བའི་ར་ཐུག་དང་ལུག་ཐུག་ཐམས་ཅད་ནི་སྟག་རིས་ཅན་དང་། ཐིག་ལེ་ཅན་དང་། ཁྲ་བོ་ཡིན་པ་ལ་ལྟོས། ལ་བན་གྱིས་ཁྱོད་ལ་བྱས་པ་ཐམས་ཅད་ངས་གཟིགས་སོ། ༡༣ གང་དུ་ཁྱོད་ཀྱིས་ཐོ་ཡོར་ཁར་འབྲུ་མར་བླུགས་ནས། ང་ལ་དམ་བཅའ་བྱས་པའི་བེད་ཨེལ་གྱི་དཀོན་མཆོག་དེ་ནི་ང་ཡིན་པས། ད་ལོངས་ལ། ཡུལ་འདི་ནས་ཐོན་ཏེ། ཁྱོད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་སོང་ཞིག་ཅེས་བཀའ་གནང་ངོ་། ༡༤ དེ་སྐད་གསུངས་པའི་ལན་དུ་ར་ཧེལ་དང་ལེ་ཨ་གཉིས་ཀྱིས་དེ་ལ། ད་དུང་ངེད་ཀྱི་ཕའི་ཁང་པ་ནས་ང་ཅག་ལ་སྐལ་བའམ་ནོར་སྐལ་ཞིག་ཡོད་དམ། ༡༥ མི་ཡན་ལ་བྱེད་པ་ལྟར་ཁོས་ང་ཅག་ལ་མ་བྱས་སམ། ཁོས་ང་ཅག་བཙོངས་ནས་ངེད་ཀྱི་ཕྱིར་ཐོབ་པའི་རིན་ཁོས་ཡོངས་སུ་ཟོས། ༡༦ འོ་ན་དཀོན་མཆོག་གིས་ངེད་ཀྱི་ཕ་ནས་ཁྱེར་བར་མཛད་པའི་ནོར་ཐམས་ཅད་ངེད་དང་ངེད་ཀྱི་ཕྲུ་གུ་རྣམས་ཀྱི་ཡིན་པས། དཀོན་མཆོག་གིས་ཁྱོད་ལ་བཀའ་ཅི་དང་ཅི་གནང་བ་བཞིན་དུ་བྱོས་ཤིག་ཅེས་སྨྲས་སོ༎༡༧ དེ་ནས་ཡ་ཀོབ་ཆས་ཏེ་ཕྲུ་གུ་དང་ཆུང་མ་རྣམས་རྔ་མོང་ལ་སྐྱོན་ཏེ་ཁྱེར་ཏོ། ༡༨ ལུག་ཕྱུགས་ཐམས་ཅད་དང་། བསགས་པའི་ནོར་ཐམས་ཅད་དང་། ཕ་དན་ཨ་རམ་ཡུལ་ན་རྙེད་པའི་དུད་འགྲོ་ཁོའི་ཡིན་པ་དེ་ཁྱེར་ཏེ། ཕ་ཨི་སཱག་གི་རྩར་ཀ་ན་ཨན་ཡུལ་དུ་འགྲོ་བའི་ལམ་ལ་ཞུགས་སོ། ༡༩ ལ་བན་ལུག་གི་བལ་འབྲེག་པའི་ཕྱིར་སོང་སྟེ་དེར་མེད་པའི་སྐབས་ལ་ར་ཧེལ་གྱིས་ཕ་ལ་ཡོད་པའི་སྐུ་འདྲ་རྣམས་བརྐུས་སོ། ༢༠ ཨ་རམ་པ་ལ་བན་ལ་རྒྱུས་མེད་པར་ཡ་ཀོབ་བརྐུས་ནས་སོང་ངོ་། ཅི་ལ་ཟེར་ན། ཁོས་དེ་ལ་རང་འབྲོས་འགྲོ་བ་མ་བཤད་པའི་ཕྱིར་རོ། ༢༡ རང་ལ་ཡོད་པ་ཐམས་ཅད་དང་བཅས་སུ་ཁོ་ཤོར་ཏེ་སོང་བ་དང་། གཙང་པོ་བརྒལ་ནས་གིལ་ཨད་རིའི་ཕྱོགས་སུ་ཕྱིན་ཏོ༎
༢༢ ཞག་གསུམ་པ་ལ་ཡ་ཀོབ་ཤོར་སོང་བའི་ཕྲིན་ལ་བན་ལ་བྱུང་ཞིང་། ༢༣ ཁོ་སྤུན་རྣམས་དང་བཅས་སུ་ཉིན་ལམ་བདུན་གྱི་བར་དུ་དེའི་རྗེས་དེད་ཅིང་གིལ་ཨད་རི་ལ་ནོན་ཏོ། ༢༤ ནུབ་མོ་རྨི་ལམ་དུ་དཀོན་མཆོག་ཨ་རམ་པ་ལ་བན་གྱི་རྩར་བྱོན་ཏེ་དེ་ལ། ཁྱོད་ཀྱིས་ཡ་ཀོབ་ལ་བཟང་ངན་ཅིའང་མི་ཟེར་བ་ལ་བྱ་ར་བྱོས་ཤིག་གསུངས་སོ༎
༢༥ དེ་ནས་ལ་བན་་ཡ་ཀོབ་དང་ཐུག་གོ། ཡ་ཀོབ་ཀྱིས་རི་ལ་གུར་སྤུབས། ལ་བན་སྤུན་དང་བཅས་པ་ཡང་རི་གིལ་ཨད་ལ་གུར་སྤུབས་སོ། ༢༦ ཡང་ལ་བན་གྱིས་ཡ་ཀོབ་ལ། ཁྱོད་བརྐུས་ནས་སོང་སྟེ་རལ་གྲིས་བཅོམས་པ་ལྟར་ངའི་བུ་མོ་རྣམས་ཁྱེར་བ་དེ་ཅི་ཡིན། ༢༧ ཅིའི་ཕྱིར་གསང་ཏེ་ཤོར། ཅིའི་ཕྱིར་ཁྱོད་ངའི་དྲུང་ནས་གསང་སྟེ་ཕྱིན། ངས་དགའ་སྟོན་བྱེད་ཅིང་གླུ་ལེན་པ་དང་། རྔ་རྡུང་བ་དང་། པི་ཝང་སྒྱུར་བ་དང་བཅས་སུ་སྐྱེལ་མ་བྱེད་པའི་ཕྱིར་ང་ལ་མ་བཤད་པ་ཡིན། ༢༨ ངའི་བུ་དང་བུ་མོ་རྣམས་ལ་འོ་བྱེད་དུ་མ་བཅུག་པས། ཁྱོད་ཀྱིས་སྤྱད་པའི་སྤྱོད་པ་གླེན་པ་ཡིན། ༢༩ ངས་ཁྱོད་ཅག་ལ་ལན་ལེན་པའི་ཕྱིར་ངའི་ལག་པ་ལ་དབང་ཡོད་ཀྱང་། མདང་ནུབ་མོ་ལ་ཁྱོད་ཀྱི་ཕའི་དཀོན་མཆོག་གིས་ང་ལ་གསུངས་པ། ཁྱོད་ཀྱིས་ཡ་ཀོབ་ལ་བཟང་པོའམ་ངན་པའི་གཏམ་གླེང་བ་ལས་སྲུངས་ཤིག་ཅེས་བཀའ་གནང་ངོ་། ༣༠ ད་ཁྱོད་ཀྱི་ཕའི་ཁང་པ་ཤིན་ཏུ་དྲན་པས་ཐོན་ཟིན་ནོ། འོན་ཀྱང་ཁྱོད་ཀྱིས་ངའི་སྐུ་འདྲ་རྣམས་ཅི་ལ་བརྐུས་ཤེས་སྨྲས་པའི་ལན་དུ། ༣༡ ཡ་ཀོབ་ཀྱིས་ལ་བན་ལ་ཟེར་པ། འོ་ན་ངའི་སེམས་ལ་ཁྱོད་ཀྱིས་རང་གི་བུ་མོ་རྣམས་ང་ལས་འཕྲོག་འོང་བསམས་ནས་ང་འཇིགས་སོ། ༣༢ འོན་ཀྱང་ཁྱོད་ཀྱི་སྐུ་འདྲ་རྣམས་སུ་ནས་འཐོན་ན་མི་དེ་འཚོ་མི་ཡོང་། ཁྱོད་ཀྱི་ནོར་ཞིག་ངའི་ནོར་གྱི་ཁྲོད་དུ་ཡོད་དམ། ངེད་རྣམས་ཀྱི་སྤུན་གྱི་མདུན་དུ་ཚོལ་ལ་ཁྱོད་ཀྱི་ཕྱིར་ཁྱེར་ཞིག ར་ཧེལ་གྱིས་དེ་རྣམས་བརྐུས་པ་ཡ་ཀོབ་ཀྱིས་མ་ཤེས་སོ༎
༣༣ དེ་ནས་ལ་བན་གྱིས་ཡ་ཀོབ་ཀྱི་གུར་དང་། ལེ་ཨ་ཡི་གུར་དང་། གཡོག་མོ་གཉིས་ཀྱི་གུར་ལ་ཞུགས་ཏེ་ཅིའང་མ་ཐོབ། ཡང་ལེ་ཨ་ཡི་གུར་ནས་འོངས་ནས་ར་ཧེལ་གྱི་གུར་ལ་ཞུགས་སོ། ༣༤ ར་ཧེལ་གྱིས་སྐུ་འདྲ་རྣམས་ཁྱེར་ཏེ་རྔ་མོང་གི་སྒའི་འོག་ཏུ་བཞག་ནས་དེའི་སྟེང་དུ་བསྡད་དོ། ལ་བན་གྱིས་གུར་གྱི་ནང་ཀུན་གཡེངས་ཀྱང་ཅིའང་མ་ཐོབ་པས། ༣༥ མོས་ཕ་ལ། ང་བུད་མེད་ཀྱི་ལུགས་ལ་ཡོད་དེ་ཁྱེད་ཀྱི་དྲུང་དུ་ལང་མི་ནུས་པས། ངའི་ཇོ་བོའི་མིག་གི་མདུན་དུ་ཐུགས་ཁྲོ་བའི་རྒྱུར་མ་འགྱུར་ཅིག་ཅེས་ཞུས་སོ། དེ་ལྟར་ཁོས་ཚང་མ་གཡེངས་ཀྱང་སྐུ་འདྲ་རྣམས་མ་ཐོབ་བོ༎
༣༦ དེ་ནས་ཡ་ཀོབ་ཁྲོས་ཏེ་ལ་བན་ལ་འཛིང་ནས། ཡ་ཀོབ་ཀྱིས་ལ་བན་ལ། ཁྱོད་ཀྱིས་ངའི་རྗེས་སུ་ཚ་དྲག་གིས་དེད་པས་ང་ལ་སྐྱོན་ཅི་ཡོད། ངས་སྡིག་པ་ཅི་བྱས། ༣༧ ཁྱོད་ཀྱིས་ངའི་ནོར་རྫས་ཐམས་ཅད་མ་གཡེངས་སམ། ད་ཁྱོད་ཀྱིས་ནང་གི་ནོར་རྫས་ཀྱི་ནང་ནས་ཅི་ཐོབ། ངའི་སྤུན་རྣམས་དང་ཁྱོད་ཀྱི་སྤུན་རྣམས་ཀྱི་མིག་གི་མདུན་དུ་འདི་རུ་ཤོག་དང་། དེ་ནས་དེ་དག་གིས་ང་གཉིས་ཀྱི་གཤགས་འབྱེད་པར་འགྱུར། ༣༨ ལོ་ཉི་ཤུའི་བར་དུ་ང་ཁྱོད་དང་མཉམ་དུ་འདུག་པའི་ཚེ། ཁྱོད་ཀྱི་ལུག་དང་ར་མ་རྣམས་མངལ་མ་ཤོར། ཁྱོད་ཀྱི་ལུག་ཐུག་ངས་མ་ཟོས། ༣༩ གཅན་གཟན་གྱིས་བསད་པ་ངས་ཁྱོད་ཀྱི་མདུན་དུ་འཁྱེར་མ་འོང་བར་ཁྱོད་ལ་ཚབ་བྱིན། ཉིན་མོ་ལ་ངས་རྐུན་མ་ལ་ཤོར་བ་དང་། མཚན་མོ་ལ་ངས་རྐུན་མ་ཤོར་བ་དེའི་ཚབ་ཁྱོད་ཀྱིས་བཙལ་བ་ཡིན། ༤༠ འདི་ལྟར་ང་ལ་བྱུང་། ཉིན་མོའི་ཚད་པ། མཚན་མོའི་གྲང་བ་ངས་ཁུར། ངའི་མིག་ལ་གཉིད་མ་ཡོངས། ༤༡ ལོ་ཉི་ཤུ་ང་ཁྱོད་ཀྱི་ཁང་པ་ལ་འདུག ཁྱོད་ཀྱི་བུ་མོ་གཉིས་ཀྱི་ཕྱིར་ལོ་བཅུ་བཞི་དང་། ཁྱོད་ཀྱི་ར་ལུག་གི་ཕྱིར་ལོ་དྲུག་ཁྱོད་ཀྱི་གཡོག་བྱས་ཀྱང་། ཁྱོད་ཀྱིས་ངའི་གླ་ལན་བཅུ་ཙམ་བསྒྱུར། ༤༢ ངའི་ཕའི་དཀོན་མཆོག་ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གིས་བག་བྱེད་པའི་དཀོན་མཆོག་དེ་ང་དང་འགྲོགས་པ་མ་ཡིན་ན། ཁྱོད་ཀྱིས་ང་སྟོང་ལོག་ལ་བཏང་བ་ཡིན། ངའི་སྡུག་བསྔལ་དང་ངའི་དཀའ་ལས་ལ་དཀོན་མཆོག་གིས་གཟིགས་པས། མདང་མཚན་ལ་ཁྱོད་ལ་བཀའ་བཀྱོན་པ་ཡིན་ཞེས་སྨྲས་པའི་ལན་དུ།
༤༣ ལ་བན་གྱིས་བུ་མོ་རྣམས་ངའི་བུ་མོ་ཡིན། བུ་རྣམས་ངའི་བུ་ཡིན། ཁྱུ་རྣམས་ངའི་ཁྱུ་ཡིན། ཁྱོད་ཀྱིས་མཐོང་བ་ཐམས་ཅད་ངའི་ཡིན་ཀྱང་། ངའི་བུ་མོ་རྣམས་དང་། དེ་དག་ལ་སྐྱེས་པའི་ཕྲུ་གུ་རྣམས་ལ་ངས་ད་ལྟ་ཅི་བྱེད་པར་ནུས། ༤༤ ད་ཁྱོད་དང་ངའི་བར་ལ་དཔང་པོ་བྱེད་པའི་ཕྱིར་ཁྱོད་ང་དང་ཆད་ཀ་བྱེད་དུ་ཤོག་ཅིག་ཅེས་སྨྲས་སོ། ༤༥ དེ་ནས་ཡ་ཀོབ་ཀྱིས་རྡོ་ཞིག་ཁྱེར་ཏེ་ཐོ་ཡོར་དུ་བཙུགས་སོ། ༤༦ ཡང་ཡ་ཀོབ་སྤུན་རྣམས་ལ། རྡོ་ཚོལ་ཞིག་ཅེས་བསྒོ་ནས་དེ་དག་གིས་རྡོ་ཁྱེར་ཏེ་ཕུང་པོར་སྤུངས་པ་དང་། ཕུང་པོ་དེའི་མདུན་དུ་དེ་དག་གིས་ཁ་ཟས་ཟོས་སོ། ༤༧ ལ་བན་གྱིས་རྡོ་ཕུང་དེ་ལ་ཡེ་གར་ས་ཧ་དུ་ཐཱ་མིང་བཏགས་ཀྱིས། ཡ་ཀོབ་ཀྱིས་ག་ལེད་བཏགས་སོ། ༤༨ ཡང་ལ་བན་གྱིས་རྡོ་ཕུང་འདི་ནི་དེ་རིང་གི་ཉིན་ལ་ང་དང་ཁྱོད་ཀྱི་བར་ལ་དཔང་པོར་གྱུར་ཅིག་ཅེས་ཟེར་བའི་ཕྱིར་དེའི་མིང་ག་ལེད་བཏགས་སོ། ༤༩ དེ་ལ་མིས་པཱ་ཡང་ཟེར་རོ། གང་ལ་ཟེར་ན། ཁོས་འདི་སྐད་དུ། ངེད་གཉིས་སོ་སོར་གྱེས་ནས། ༥༠ ཁྱོད་ཀྱིས་ངའི་བུ་མོ་རྣམས་མི་མནན་ཞིང་། ངའི་བུ་མོ་རྣམས་མ་གཏོགས་པར་ཆུང་མ་གཞན་མ་ལེན་ན། མི་སུ་ཡང་འདི་རུ་མེད་དེ་ང་དང་ཁྱོད་ཀྱི་བར་ལ་དཀོན་མཆོག་དཔང་པོ་ཡིན་ཅེས་སྨྲས་སོ༎
༥༡ ཡང་ལ་བན་གྱིས་ཡ་ཀོབ་ལ། རྡོ་ཕུང་འདི་ལ་ལྟོས་ཤིག ང་དང་ཁྱོད་ཀྱི་བར་ལ་བཙུགས་པའི་ཐོ་ཡོར་ལ་ལྟོས་ཤིག ༥༢ གནོད་སྐྱེལ་དུ་རྡོ་ཕུང་འདི་རྒལ་ནས་ང་ཁྱོད་ཀྱི་ཕྱོགས་སུའང་མི་ཡོང་། ཡང་ཁྱོད་ཀྱང་རྡོ་ཕུང་དང་ཐོ་ཡོར་འདི་མི་རྒལ་བའི་དཔང་པོར་རྡོ་ཕུང་དང་ཐོ་ཡོར་འདི་གྱུར་ཅིག ༥༣ ཨབ་ར་ཧམ་གྱི་དཀོན་མཆོག་དང་། ན་ཧོར་གྱི་དཀོན་མཆོག་དང་། དེ་དག་གི་ཕའི་དཀོན་མཆོག་གིས་ངེད་ཀྱི་བར་ལ་ཤན་འབྱེད་པར་ཤོག་ཅིག་སྨྲས་སོ། ཡ་ཀོབ་ཀྱིས་ཕ་ཨི་སཱག་གིས་འཇིགས་པ་དཔང་དུ་བཙུགས་ཏེ་མནའ་བོར་རོ། ༥༤ ཡ་ཀོབ་ཀྱིས་རི་དེ་རུ་མཆོད་པ་ཞིག་ཕུལ་བ་དང་། སྤུན་རྣམས་ལ་ཁ་ཟས་དྲངས་པས་དེ་དག་གིས་ཁ་ཟས་ཟོས་ནས་རི་དེར་དགོངས་ས་བྱས་སོ། ༥༥ ཐོ་རངས་སྔ་དྲོ་ལ་བན་ལངས་ནས་རང་གི་བུ་དང་བུ་མོ་རྣམས་ལ་འོ་བྱས་ཏེ་བྱིན་རླབས་བཏང་ནས་རང་གི་གནས་སུ་ལོག་གོ།