༣༠
ར་ཧེལ་གྱིས་རང་ནས་ཡ་ཀོབ་ཀྱི་ཕྱིར་ཕྲུ་གུ་མི་སྐྱེ་བར་མཐོང་ནས་ཨ་ཆེ་ལ་ཕྲག་དོག་བྱས་ཤིང་ཡ་ཀོབ་ལ། ང་ལ་ཕྲུ་གུ་ཐོང་ཞིག ཅི་སྟེ་མི་གཏོང་ན་ང་ཤི་ཡོང་།  ཡ་ཀོབ་ཁྲོས་ཏེ་ར་ཧེལ་ལ། དཀོན་མཆོག་གིས་ཁྱོད་རབས་ཆད་མཛད་པས་ང་དཀོན་མཆོག་གི་ཚབ་ཡིན་ནམ་སྨྲས་སོ།  མོ་ན་རེ། ད་ངའི་གཡོག་མོ་བིལ་ཧཱ་དང་འགྲོགས་ཤིག དེ་ནས་ཁོ་ལ་ངའི་པང་དུ་སྐྱེ་ན་དེའི་སྒོ་ནས་ང་ལ་བརྒྱུད་ཐོབ་པར་འགྱུར།  ཡ་ཀོབ་ལ་རང་གི་གཡོག་མོ་བིལ་ཧཱ་ཆུང་མར་བཏང་ནས་ཁོས་དེ་དང་འགྲོགས་སོ།  ཡང་བིལ་ཧཱ་མངལ་དང་ལྡན་པར་གྱུར་ནས་ཡ་ཀོབ་ཀྱི་ཕྱིར་བུ་ཞིག་སྐྱེས་སོ།  ར་ཧེལ་གྱིས་དཀོན་མཆོག་གིས་ང་ལ་ཁྲིམས་ཀྱི་རྒྱལ་ཁ་སྩལ་ཏེ་ངའི་ཞུ་བ་ལ་གསན་ནས་བུ་ཞིག་གནང་ངོ་། དེའི་ཕྱིར་ཁོའི་མིང་དཱན་ཞེས་བཏགས་སོ།  སླར་ཡང་ར་ཧེལ་གྱི་གཡོག་མོ་བིལ་ཧཱ་མངལ་དང་ལྡན་པར་གྱུར་ཏེ་ཡ་ཀོབ་ལ་དེ་ལས་བུ་གཉིས་ཆད་དོ།  ར་ཧེལ་གྱིས། དཀོན་མཆོག་གིས་སྐྱབས་མཛད་དེ་ངས་ཨ་ཆེ་དང་འཐབ་མོ་བྱས་ནས་ང་རྒྱལ་ལོ་ཟེར་ཏེ། ཁོས་དེའི་མིང་ནབ་ཐ་ལི་བཏགས་སོ༎
 ལེ་ཨ་ཡིས་རང་གི་སྐྱེ་འཕྲོ་ཆད་པ་མཐོང་ནས་རང་གི་གཡོག་མོ་ཟིལ་པཱ་ཁྱེར་ཏེ་ཡ་ཀོབ་ལ་ཆུང་མར་བཏང་ངོ་། ༡༠ ལེ་ཨ་ཡི་གཡོག་མོ་ཟིལ་པཱ་ནས་ཡ་ཀོབ་ལ་བུ་ཞིག་བྱོར་ཏོ། ༡༡ ལེ་ཨ་ཡིས་བདེ་ཞིང་སྐྱིད་དོ་སྨྲས་ནས་དེའི་མིང་གད་བཏགས་སོ། ༡༢ ཡང་ལེ་ཨ་ཡི་གཡོག་མོ་ཟིལ་པཱ་ནས་ཡ་ཀོབ་ལ་བུ་གཉིས་པ་ཞིག་བྱོར་ནས། ༡༣ ལེ་ཨ་ཡིས་ང་བདེ་བར་འགྱུར་ཞིང་བུ་མོ་རྣམས་ཀྱིས་ཀྱང་དེ་ནི་བདེའོ་ཞེས་ཟེར་ཡོང་ཟེར་ཏེ། བུ་དེའི་མིང་ཨ་ཤེར་བཏགས་སོ༎
༡༤ ཡང་རུ་བེན་གྲོ་རྔ་བའི་དུས་སུ་སོང་ནས་དུ་ད་ཡིམ་ཞེས་ཟེར་བའི་འབྲས་བུ་ཞིག་ཞིང་ལ་བརྙེད་དེ་ཨ་མ་ལེ་ཨ་ལ་ཁྱེར་བས། ར་ཧེལ་གྱིས་ལེ་ཨ་ལ། ཁྱོད་ཀྱི་བུ་ལ་ཐོབ་པའི་དུ་ད་ཡིམ་རྣམས་ནས་ང་ལ་ཐོང་ཞེས་སྨྲས་སོ། ༡༥ ལེ་ཨ་ཡིས་དེ་ལ། ཁྱོད་ཀྱིས་ངའི་ཁྱོ་ཕྲོགས་པས་མི་ཆོག་གམ། ད་ངའི་བུའི་དུ་ད་ཡིམ་ཡང་ཁྱེར་རམ་ཞེས་ཟེར་བས་ར་ཧེལ་གྱིས། འོ་ན་ཁྱོད་ཀྱི་བུའི་དུ་ད་ཡིམ་གྱི་ཕྱིར་ཁྱོད་ཀྱིས་མཚན་འདི་ལ་ཁོ་དང་འགྲོགས་པར་བྱོས་ཤིག་སྨྲས་སོ། ༡༦ ཡང་ཡ་ཀོབ་ཕྱི་དྲོ་ཞིང་ལས་འོངས་ནས་ལེ་ཨ་ཡིས་དེ་བསུ་བར་སོང་ནས་སྨྲས་པ། ངས་ཁྱོད་ཀྱི་ཕྱིར་ངའི་བུའི་དུ་ད་ཡིམ་རིན་དུ་བཏང་བས་ང་དང་འགྲོགས་ཤིག་ཅེས་ཟེར་བ་དང་། ཁོས་དེའི་མཚན་མོ་དེ་དང་འགྲོགས་སོ། ༡༧ ཡང་དཀོན་མཆོག་གིས་ལེ་ཨ་ལ་གསན་ནས་མངལ་དང་ལྡན་པར་གྱུར་ནས་ཡ་ཀོབ་ལ་བུ་ལྔ་པ་ཞིག་བྱོར་ཏོ། ༡༨ ལེ་ཨ་ཡིས། ངས་རང་གི་གཡོག་མོ་ཁྱོ་ལ་བཏང་བའི་ཕྱིར་དཀོན་མཆོག་གིས་ང་ལ་གླ་གནང་ངོ་ཞེས་སྨྲས་ཏེ་བུ་དེའི་མིང་ཨི་ས་གར་བཏགས་སོ། ༡༩ དེ་ནས་ལེ་ཨ་ཡང་མངལ་དང་ལྡན་པར་གྱུར་ནས་ཡ་ཀོབ་ཀྱིས་ཁོ་ལས་བུ་དྲུག་པ་ཞིག་བྱོར་ཏོ། ༢༠ ལེ་ཨ་ཡིས་བྱ་དགའ་བཟང་པོ་ཞིག་དཀོན་མཆོག་གིས་ང་ལ་སྩལ་ཏེ་ངའི་ཁྱོས་ང་ལས་བུ་དྲུག་པ་ཞིག་བྱོར་བས། ད་ཁོ་ང་དང་འགྲོགས་པར་འགྱུར་རོ། ཞེས་པའི་ཕྱིར་བུ་དེའི་མིང་ཟེ་བུ་ལོན་བཏགས་སོ། ༢༡ དེ་ནས་དེ་ལ་བུ་མོ་ཞིག་སྐྱེས་ནས་དེའི་མིང་དི་ནཱ་བཏགས་སོ། ༢༢ ཡང་དཀོན་མཆོག་གིས་ར་ཧེལ་ཐུགས་ལ་དགོངས་ནས་ཞུ་བ་ལ་གསན་ཏེ་དེའི་མངལ་ཕྱེ་བར་མཛད་དོ། ༢༣ མངལ་དང་ལྡན་པར་གྱུར་ནས་བུ་ཞིག་སྐྱེས་པས། དེས་དཀོན་མཆོག་གིས་ངའི་ཁྲེལ་བ་མེད་པར་མཛད་དོ་ཞེས་ཟེར་བ་དང་། ༢༤ བུའི་མིང་ཡོ་སེབ་བཏགས་ནས། ཡ་ཧོ་ཝཱས་ང་ལ་བུ་གཉིས་པ་ཞིག་ཀྱང་གནང་བར་མཛོད་ཅིག་ཞུས་སོ༎
༢༥ ཡང་ར་ཧེལ་ལ་ཡོ་སེབ་སྐྱེས་པའི་ཚེ་ཡ་ཀོབ་ཀྱིས་ལ་བན་ལ། ང་རང་གི་གནས་དང་ངའི་ཡུལ་དུ་འགྲོར་ཆུག ༢༦ ངས་ཁྱོད་ཀྱི་གཡོག་བྱེད་ལུགས་ཁྱོད་ཀྱིས་ཤེས་པས། ངའི་ཆུང་མ་དང་ཕྲུ་གུའི་ཕྱིར་ངས་ཁྱོད་ཀྱི་གཡོག་བྱས་པའི་ཕྱིར་དེ་དག་ང་ལ་ཐོང་ལ་ང་འགྲོར་ཆུག་ཅེས་སྨྲས་སོ། ༢༧ ལ་བན་གྱིས་དེ་ལ། ཁྱེད་ཀྱི་དོན་དུ་ཡ་ཧོ་ཝཱས་ང་ལ་བྱིན་རླབས་མཛད་པ་དེ་ངའི་སྣང་བ་ལ་ཤར་བས། ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་ཏེ་ད་རུང་སྡོད་ཅིག་ཅེས་ཞུས་སོ། ༢༨ ཡང་ཁྱེད་ཀྱི་གླ་ང་དང་ཐག་གཅོད་ཅིག་དང་། ངས་དེ་གཏོང་བར་བྱའོ། ༢༩ ཁོས་དེ་ལ། ངས་ཁྱོད་ཀྱི་གཡོག་བྱེད་ལུགས་དང་ངའི་སྒོ་ནས་ཁྱོད་ཀྱི་ཁྱུ་ཅི་ལྟར་གྱུར་པ་དེ་ཁྱོད་ཀྱིས་ཤེས། ༣༠ ང་འདིར་མ་འོངས་པའི་དུས་སུ་ཁྱོད་ལ་ཡོད་པ་དེ་ཉུང་བ་ཞིག་ཡོད་པ་ཡིན། ད་ལྟ་ཧ་ཅང་འཕེལ་བར་གྱུར་ཏེ། ང་གར་འགྲོ་སར་ཡ་ཧོ་ཝཱས་ཁྱོད་ལ་བྱིན་རླབས་མཛད་དོ། ད་ང་རང་གི་ཁང་པའི་ཕྱིར་ལས་བྱེད་པའི་དུས་ནམ་ཡོང་ཞེས་སྨྲས་སོ། ༣༡ དེ་ནས་དེས། ངས་ཁྱོད་ལ་ཅི་ཙམ་གཏོང་དགོས། ཡ་ཀོབ་ཀྱིས་ཁྱོད་ཀྱིས་ང་ལ་ཅིའང་སྟེར་མི་དགོས། ཁྱོད་ངའི་ཕྱིར་གཏམ་འདི་བཞིན་དུ་བྱེད་པར་དགའ་ན་ངས་སླར་ཡང་ཁྱོད་ཀྱི་ཁྱུ་འཚོ་ཞིང་སྲུང་བར་བྱ། ༣༢ ངས་དེ་རིང་ཁྱོད་ཀྱི་ཁྱུ་ཚང་མའི་ནང་དུ་སོང་སྟེ་ལུག་ཐིག་ལེ་ཅན་དང་ཁྲ་བོ་གང་ཡོད་པ་དང་། ལུག་རྣམས་ནས་ནག་པོ་དང་གྲོ་མོ་གང་ཡོད་པ་དང་། ར་རྣམས་ནས་ཐིག་ལེ་ཅན་དང་ཁྲ་བོ་གང་ཡོད་པ་ཁྱུ་དང་སོ་སོར་ཕྱེས་པ་དེ་ནི་ངའི་གླ་ལ་རྩི་བར་བྱ། ༣༣ རྟིང་མའི་དུས་སུ་ང་དྲང་པོ་ཡོད་པ་དེས་ང་ལ་དཔང་པོ་བྱ། ངའི་གླ་གཏོང་བའི་ཕྱིར་ཁྱོད་ཡོང་སྐབས་ལ་ཁྱོད་ཀྱི་ར་རྣམས་ནས་ཐིག་ལེ་ཅན་དང་ཁྲ་བོ་མ་ཡིན་པ་ཐམས་ཅད་དང་། ལུག་རྣམས་གྲོ་མོ་མ་ཡིན་པ་ཞིག་མཐོང་ན། དེ་ངས་བརྐུས་པ་རྩི་བར་འགྱུར་རོ་ཞེས་སྨྲས་སོ། ༣༤ ལ་བན་གྱིས། ད་ཁྱེད་ཀྱི་གཏམ་བཞིན་དུ་ལེགས་སོ་ཞེས་སྨྲས་སོ། ༣༥ ཁོས་ཉིན་དེ་རང་ལ་ར་རྣམས་ནས་ར་ཐུག་སྟག་རིས་ཅན་དང་ཁྲ་བོ་གང་ཡོད་པ་ཐམས་ཅད་དང་། ར་མ་ཐིག་ལེ་ཅན་དང་ཁྲ་བོ་ཐམས་ཅད་དང་། ལུག་རྣམས་ནས་ཐིག་ལེ་དཀར་པོ་ཡོད་པ་དང་། ནག་པོ་གང་ཡོད་པ་ཐམས་ཅད་སོ་སོར་ཕྱེས་ནས་རང་གི་བུ་རྣམས་ཀྱི་ལག་ཏུ་བཏང་ངོ་། ༣༦ ཡང་ཁོས་རང་དང་ཡ་ཀོབ་ཀྱི་བར་ལ་ཉིན་ལམ་གསུམ་གྱི་བར་འགྱངས་སུ་བཅུག་གོ། དེ་ལྟར་ཡ་ཀོབ་ཀྱིས་ལ་བན་གྱི་ཁྱུ་ཕྱི་ལུས་རྣམས་འཚོ་བར་བྱས་སོ༎
༣༧ དེ་ནས་ཡ་ཀོབ་ཀྱིས་ཡུ་ལད་དང་རྒྱ་གར་སྟར་ཀ་དང་། དབྱར་པ་ཤིང་གི་གྲལ་བུ་སྔོན་པོ་རྣམས་ཁྱེར་ཏེ་བཤུས་ནས་དཀར་ཁྲ་བྱས་སོ། ༣༨ ཤུས་པའི་དབྱུག་པ་རྣམས་ཆུ་འཐུང་ས་ལ་ཆུ་གཞོང་གི་ནང་དུ་བཞག ཁྱུ་རྣམས་ཆུ་འཐུང་བ་ལ་ཡོང་ཚེ་དེ་མིག་གིས་མཐོང་སྟེ་སྦྱོར་བར་བྱེད་ཅིང་སྦྲུམ་པ་གྱུར་ཏོ། ༣༩ ཁྱུའི་ར་ལུག་རྣམས་ཀྱིས་གྲལ་བུ་རྣམས་ལ་ལྟ་ཞིང་སྦྲུམ་པར་གྱུར་ནས། དེ་རྣམས་ལ་སྟག་རིས་ཅན་དང་ཐིག་ལེ་ཅན་དང་ཁྲ་བོ་སྐྱེས་སོ། ༤༠ ལུག་གུ་རྣམས་ཡ་ཀོབ་ཀྱིས་སོ་སོར་ཕྱེས་པ་དང་། ར་ལུག་གི་མིག་རྣམས་ལ་བན་གྱི་ཁྱུ་ལ་ཡོད་པའི་སྟག་རིས་ཅན་དང་གྲོ་མོ་ཐམས་ཅད་མཐོང་བཅུག་གོ། དེ་ལྟར་རང་གི་ཕྱིར་ཁྱུ་ཁག་ཐོབ་པ་དེ་དག་ལ་བན་གྱི་ར་ལུག་རྣམས་དང་སྲེ་བར་མ་བྱས་སོ། ༤༡ ར་ལུག་ཤེད་ཅན་རྣམས་ནམ་སྦྱོར་བ་བྱེད་པའི་དུས་སུ་ཡ་ཀོབ་ཀྱིས་ར་ལུག་གི་མིག་གི་མདུན་དུ་གྲལ་བུ་རྣམས་ཆུ་གཞོང་གི་ནང་དུ་བཞག་ནས་དབྱུག་པ་ལ་ལྟ་ཞིང་སྦྲུམ་པར་འགྱུར་བའི་ཕྱིར་རོ། ༤༢ འོན་ཀྱང་ཁྱུ་ཤེད་མེད་པ་སྐྱེ་བའི་དུས་སུ་གྲལ་བུ་མ་བཞག དེ་ལྟར་ཤེད་མེད་པ་ལ་བན་ལ་བྱུང་། ཤེད་ཅན་ཡ་ཀོབ་ལ་བྱུང་ངོ་། ༤༣ ཡང་མི་དེ་ཧ་ཅང་ཕྱུག་པོར་གྱུར་ཏེ་ལུག་དང་། བྲན་མོ་དང་། བྲན་པོ་དང་། རྔ་མོང་དང་། བོང་བུ་མང་པོ་བྱོར་ཏོ༎