༢༩
དེ་ནས་ཡ་ཀོབ་ཀྱིས་རྐང་པ་བཏེགས་ཏེ་ཤར་ཕྱོགས་ཀྱི་བུ་རྣམས་ཀྱི་ཡུལ་དུ་སོང་ངོ་། ༢ ཁོས་བལྟས་ནས། ཐང་གར་ཁྲོན་པ་ཞིག་འདུག ཡང་དེའི་མདུན་དུ་ལུག་ཁྱུ་གསུམ་བསྡད་ཡོད་པ་ཡིན། ཅི་ལ་ཞེ་ན། ཁྲོན་པ་འདི་ལས་དེ་དག་གིས་ཁྱུ་རྣམས་ལ་བླུད་པའི་ཕྱིར་རོ། ཡང་ཁྲོན་པའི་ཁ་ལ་རྡོ་ཆེན་པོ་ཞིག་ཡོད་དོ། ༣ ཁྱུ་ཐམས་ཅད་དེ་རུ་ཁྲིད་དེ་བསྡུས་ནས་དེ་དག་གིས་ཁྲོན་པའི་ཁ་རྡོ་དེ་བཀོག་པ་དང་། ལུག་རྣམས་ལ་ཆུ་བླུད་ནས་རྡོ་ཕྱིར་རང་གི་གནས་སུ་ཁྲོན་པའི་ཁ་རུ་བཞག་གོ།༤ ཡ་ཀོབ་ཀྱིས་དེ་དག་ལ། ངའི་སྤུན་རྣམས་གང་ནས་ཡིན་སྨྲས་པས། དེ་དག་གིས་ང་ཅག་ཧ་རན་ཡུལ་ནས་ཡིན་སྨྲས་སོ། ༥ ཡ་ཀོབ་ཀྱིས་ཁོ་རྣམས་ལ། ན་ཧོར་གྱི་བུ་ལ་བན་ངོ་ཤེས་སམ། དེ་དག་གིས། ཤེས་སོ། ༦ ཡ་ཀོབ་ཀྱིས་ཁོ་ཁམས་བདེའམ་བྱས་པས། ཁོ་ཁམས་བདེ་སྟེ། ལྟོས་ཤིག ད་ལྟ་དེའི་བུ་མོ་ར་ཧེལ་ལུག་འཁྲིད་དེ་ཡོང་གི་འདུག ༧ ཡ་ཀོབ་ཀྱིས་ད་རུང་སྔ་མོ་ཡོད་དེ། ལུག་བསྡུ་མ་རན་པས། ལུག་རྣམས་ལ་ཆུ་བླུད་ལ་འཚོ་བ་ལ་ཁྱེར་ཞིག་སྨྲས་སོ། ༨ དེ་དག་ན་རེ། ཁྱུ་ཚང་མ་མ་བསྡུས་པའི་བར་དུ་མི་ཐུབ། བསྡུས་ནས་ཁྲོན་པའི་ཁ་ལ་ཡོད་པའི་རྡོ་བཀོག་ནས་ལུག་ལ་ཆུ་བླུད་པར་བྱའོ༎
༩ ཞེས་པའི་གླེང་འཕྲོ་མ་རྫོགས་གོང་དུ། ར་ཧེལ་རྫི་མོ་བྱེད་དེ་ཕ་ལ་ཡོད་པའི་ལུག་དེད་ཅིང་འོངས་སོ། ༡༠ དེར་ཡ་ཀོབ་རང་གི་མའི་མིང་པོ་ལ་བན་གྱི་བུ་མོ་ར་ཧེལ་དང་། མའི་མིང་པོ་ལ་བན་གྱི་ལུག་རྣམས་མཐོང་མ་ཐག་ཏུ་ཡ་ཀོབ་ཚུར་འོངས་ཏེ། ཁྲོན་པའི་ཁ་རྡོ་བཀོག་ནས་མའི་མིང་པོ་ལ་བན་གྱི་ལུག་རྣམས་ལ་ཆུ་བླུད་དོ། ༡༡ དེ་ནས་ཡ་ཀོབ་ཀྱིས་ར་ཧེལ་ལ་འོ་བྱས་ཏེ་ངུ་འབོད་བཏོན་ནོ། ༡༢ ཡ་ཀོབ་ཀྱིས་ར་ཧེལ་ལ། ང་ཁྱོད་ཀྱི་ཕའི་སྤུན་རིབ་ཀཱའི་བུ་ཡིན་བཤད་པ་དང་། ཁོ་ཕ་ལ་འཕྲིན་གཏོང་དུ་བརྒྱུགས་སོ༎
༡༣ དེ་ནས་ལ་བན་གྱིས་སྲིང་མོའི་བུ་ཡ་ཀོབ་ཀྱི་རྒྱུས་ཐོས་པས། བསུ་བར་སོང་ནས་ཁོ་ལ་འཁྱུད་ཅིང་འོ་བྱས་ཏེ་ཁང་པ་ལ་ཁྲིད་དོ། དེས་ལ་བན་ལ་བྱ་བ་དེ་ཐམས་ཅད་བཤད་དོ། ༡༤ དེ་ནས་ལ་བན་གྱིས་དེ་ལ། འོ་ན་ཁྱོད་ངའི་ཤ་དང་ངའི་རུས་པ་ཡིན་ཟེར་བས་ཁོ་ཟླ་བ་གཅིག་དེ་དང་མཉམ་དུ་གནས་སོ༎
༡༥ ཡང་ལ་བན་གྱིས་ཡ་ཀོབ་ལ། ཁྱོད་ངའི་སྤུན་ཡིན་ཏེ་ཁྱོད་གླ་མེད་པར་ངའི་གཡོག་བྱེད་དམ། ཁྱོད་ཀྱི་གླ་ཅི་ཙམ་ཡིན་ང་ལ་ཤོད་ཅིག་སྨྲས་སོ། ༡༦ ཡང་ལ་བན་ལ་བུ་མོ་གཉིས་ཡོད་དེ། རྒན་པའི་མིང་ལེ་ཨ་དང་། གཞོན་པའི་མིང་ར་ཧེལ་ཟེར་རོ། ༡༧ ལེ་ཨ་ཡི་མིག་ཞན་པ་ཡིན་ཏེ་ར་ཧེལ་གྱི་བྱད་ལེགས་ཤིང་གདོང་ཡང་མཛེས་མོ་ཡོད་པ་ཡིན། ༡༨ ཡ་ཀོབ་་ར་ཧེལ་ལ་ཆགས་ཏེ། ཁྱོད་ཀྱི་བུ་མོ་ཆུང་བ་ར་ཧེལ་གྱི་ཕྱིར་དུ་ངས་ལོ་བདུན་གྱི་བར་དུ་ཁྱོད་ཀྱི་གཡོག་བྱའོ་ཞེས་ཟེར་ཏོ། ༡༩ ལ་བན་ན་རེ། ངས་དེ་མི་གཞན་ལ་གཏོང་བ་བས་ཁྱོད་ལ་གཏོང་བ་ལེགས། ང་དང་མཉམ་དུ་སྡོད་ཅིག ༢༠ དེ་ལྟར་ཡ་ཀོབ་ཀྱིས་ར་ཧེལ་གྱི་ཕྱིར་ལོ་བདུན་གྱི་བར་དུ་གཡོག་བྱས་སོ། ཁོ་དེ་ལ་ཆགས་པས། ཁོའི་མིག་གི་མདུན་དུ་ཞག་ཁ་ཅིག་ལྟར་ཚོར་ཏོ༎
༢༡ ཡང་ཡ་ཀོབ་ཀྱིས་ལ་བན་ལ། ད་དུས་ཚང་བས། དེ་དང་འགྲོགས་པའི་དུས་རན་པས། ངའི་ཆུང་མ་ང་ལ་ཐོང་ཞིག་སྨྲས་སོ། ༢༢ ལ་བན་གྱིས་ཡུལ་གྱི་མི་ཐམས་ཅད་བོས་ནས་སྟོན་མོ་ཞིག་བྱས། ༢༣ དེ་ནས་དགོངས་མོ་ལ་བུ་མོ་ལེ་ཨ་འཁྲིད་ཅིང་དེའི་རྩར་བསྐྱལ་བ་དང་། ཁོས་དེ་དང་འགྲོགས་སོ། ༢༤ ལ་བན་གྱིས་རང་གི་བྲན་མོ་ཟིལ་པཱ་བྱ་བ་བུ་མོ་ལེ་ཨའི་གཡོག་མོར་བཏང་ངོ་། ༢༥ དེ་ནས་སྔ་དྲོ་སྔ་མོར་བལྟས་པ། ལྟོས་ཤིག་ལེ་ཨ་ཡིན་པར་མཐོང་ནས། ཁོས་ལ་བན་ལ། ཅིའི་ཕྱིར་ང་ལ་དེ་ལྟར་བྱས། ངས་ར་ཧེལ་གྱི་ཕྱིརཁྱོད་ཀྱི་གཡོག་མ་བྱས་སམ། ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་སྒྱུ་ཟོག་བྱས། ༢༦ ལ་བན་གྱིས་སྔོན་སྐྱེས་མའི་སྔོན་ལ་ཆུང་བ་གཏོང་བ་དེ་ནི་ཡུལ་འདིའི་ལུགས་སྲོལ་མ་ཡིན། ༢༧ ད་འདི་དང་བདུན་ཕྲག་ཚང་དུ་ཆུག དེ་ནས་སླར་ཡང་ལོ་བདུན་གྱི་བར་དུ་ངའི་གཡོག་བྱེད་ན། དེའི་ཕྱིར་ངེད་རྣམས་ཀྱིས་དེ་ཡང་ཁྱོད་ལ་གཏང་ཡོང་ཞེས་སྨྲས་སོ། ༢༨ ཡ་ཀོབ་ཀྱིས་དེ་བཞིན་དུ་བྱས་ཏེ་དེའི་བདུན་ཕྲག་ཚང་ནས། ལ་བན་གྱིས་ཁོ་ལ་བུ་མོ་ར་ཧེལ་ཆུང་མར་བཏང་ངོ་། ༢༩ ལ་བན་གྱིས་རང་གི་བྲན་མོ་བིལ་ཧཱ་བྱ་བ་བུ་མོ་ར་ཧེལ་གྱི་གཡོག་མོར་བཏང་ངོ་། ༣༠ དེ་ནས་དེ་ར་ཧེལ་དང་ཡང་འགྲོགས་ཏེ། ལེ་ཨ་ལས་ར་ཧེལ་ལ་ཆགས་པ་དང་། ད་རུང་ལོ་བདུན་གྱི་བར་དུ་དེའི་གཡོག་བྱས་སོ༎
༣༡ ལེ་ཨ་མི་དགའ་བར་འགྱུར་བ་དེ་ཡ་ཧོ་ཝཱས་གཟིགས་པས། དེའི་མངལ་ཕྱེ་བར་མཛད་ཀྱི། ར་ཧེལ་མོ་གཤམ་ཡིན་ནོ། ༣༢ ཡང་ལེ་ཨ་མངལ་དང་ལྡན་པར་གྱུར་ནས། སྐྱེས་པའི་བུའི་མིང་རུ་བེན་ཞེས་བཏགས་སོ། ཅི་ལ་ཞེ་ན། མོས་ཡ་ཧོ་ཝཱས་ངའི་སྡུག་བསྔལ་གཟིགས་པས། ད་ངའི་ཁྱོས་ང་ལ་གཅེས་པར་གཟུང་ཡོང་ཞེས་སྨྲས་པའི་ཕྱིར་རོ། ༣༣ ཡང་མངལ་དང་ལྡན་པར་གྱུར་ཏེ་བུ་སྐྱེས་ནས་སྨྲས་པ། ང་ལ་ཁྱད་དུ་གསད་ཅིང་འཕྱ་བ་ཡིན་པ་དེ་ཡ་ཧོ་ཝཱས་གསན་པས་འདི་ཡང་ང་ལ་གནང་ངོ་། བུ་དེའི་མིང་ཤིམ་ཨོན་བཏགས་སོ། ༣༤ ཡང་མངལ་དང་ལྡན་པར་གྱུར་ནས་བུ་སྐྱེས་ཏེ། ངའི་ཁྱོའི་ཕྱིར་ང་ལ་བུ་གསུམ་སྐྱེས་པས། ད་ཁྱོས་ང་ལ་སྡུག་པར་༼སེམས་ཆགས་པར་༽འཛིན་ཡོང་ཞེས་སྨྲས་པས་དེའི་མིང་ལེ་ཝི་བཏགས་སོ། ༣༥ དེ་ནས་ཡང་མངལ་དང་ལྡན་པར་གྱུར་ནས་བུ་སྐྱེས་ཏེ་སྨྲས་པ། ད་ངས་ཡ་ཧོ་ཝཱ་ལ་བསྟོད་པར་བྱ། ཞེས་ཟེར་བའི་ཕྱིར་དུ་དེའི་མིང་ཡ་ཧུ་དཱ་ཞེས་བཏགས་སོ། དེ་ནས་ཁོ་མོ་སྐྱེ་འཕྲོ་ཆད་དོ༎